R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༡༩
[A:༣༡༩]ནས་བཀའ་ཆོས་ལྷག་མེད་གསན་ནས་ཆོས་ཀྱི་མཛོད་བཟུང་སྟེ་ངེད་ཚོས་ཞུ་གང་འདོད་བླ་མ་གཞན་འཚོལ་མི་དགོས་པར་མཛད་ནས་རིམ་གྱིས་རྗེས་སུ་འཛིན་པར་གསོལ་འདེབས་ཕུལ། དེ་ནས་རིམ་ཕེབས་ཀྱིས་གདན་སར་ཕེབས་ཉེའི་ཚེ། ཡབ་རྗེ་རིན་པོ་ཆེ་ནས་གསུང་ཤོག་ཕེབས་པར། ད་ལམ་ཁྱེད་རང་ཕྱོགས་སུ་འགྲོ་དོན་ལ་བྱོན་པའི་ཐོག་མ་ཡིན་པའི་རྟེན་འབྲེལ་ལ་བསམ་སྟེ་སེར་ཕྲེང་རྟ་བསུ་སོགས་རྒྱས་པའི་གྲབས་གཤོམ་བྱས་ཡོད་པས། དེ་མཐུན་གྱི་ཕེབས་ལུགས་དགོས་ཞེས་གནང་འདུག་པ་གཟིགས་པས་ཐུགས་སྤྲོ་བཞིན་པའི་ངང་ནས་བྱོན་པར། ཐོག་མར་ཆེབས་བསུ་བ་རྣམས་དང་། དེ་ནས་ལྷོ་བྱང་གི་དགེ་འདུན་རྣམས་ཀྱི་སེར་ཕྲེང་གི་བཀོད་པ་ཡ་མཚན་པ་དང་བཅས་གཞི་ཐོག་བླ་བྲང་དུ་ཕེབས། གཟིམ་ཆུང་རབ་གསལ་དུ་ཡབ་སྲས་བཞི་ག་སྟབས་གཅིག་པས་ཡུན་མི་ཐུང་བར་གཟིས་བྱེས་ཀྱི་ཞལ་འཕྲོས་རྒྱ་ཆེར་མཛད། ཕྱིར་ཉིན་རྗེ་ཉིད་ལ་ཕྱག་རྫས་གང་བྱུང་ཡབ་རྗེའི་ཞབས་དྲུང་དུ་ཕུལ་ནས་གདན་ཕབ་སྟེ་འགྲོ་དོན་འཕྲིན་ལས་ཀྱི་རྒྱུན་སྐྱོང་བཞིན་པའི་ངང་ནས་ཤིང་ཡོས་ལོར་ཆོས་སྐྱོང་གི་གདམས་སྐོར་རྣམས་ཉམས་བཞེས་གནང་སྐབས་མནལ་ལམ་དུ། སྐུ་འཁོར་ཞིག་གི་ཤར་ཕྱོགས་ལ་གཟིགས་པར་བསྐུལ་བ་བཞིན་རྗེ་ཉིད་ཀྱི་གྲ་ཆུང་གི་རྩེ་ཕྱོགས་ལ་གཟིགས་པས་ནམ་མཁར་འཇའ་སྤྲིན་དང་སྤྲིན་