R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༢༠
[A:༣༢༠]ནག་མེ་འབར་བ་བཅས་ཀྱི་དབུས་ན་གུར་མགོན་གཙོ་བོའི་སྐུ་ཤིན་ཏུ་གསལ་ཞིང་ལྷ་བརྒྱད་འཁོར་རྣམས་ལམ་པ་ཞིག་གཟིགས་པ་ལ་བརྟེན་ཐུགས་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་ཡང་ལྷག་པར་འཁྲུངས། དེ་ནས་མེ་འབྲུག་གི་ལོར་ལན་གཅིག་ཡབ་རྗེའི་ཞལ་ནས་དོ་ནུབ་ཁ་ཏོན་གྲུབ་མཚམས་ངེད་ཀྱི་རྩར་ཤོག་དང་ལབ་རྒྱུ་ཞིག་ཡོད་གནང་བ་ལྟར་བྱོན་པས། གོང་ནས་བཀྲ་ཤིས་པའི་ལྷ་དར་ཟུང་འབྲེལ། བཟང་གོས་ལུ་ཧང་ཡུག དཀར་ཡུག་གཅིག་རྣམས་སྩལ་ནས། འོ་ད་ལམ་ལབ་རྒྱུའི་སྙིང་པོ་དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་གདན་ས་ཆེན་པོ་འདི་ཉིད་ཀྱི་འཛིན་སྐྱོང་ལས་ཁག་ཆེ་བ་མི་འདུག་འདིའི་འཛིན་སྐྱོང་ཡང་ཞལ་ངོ་ན་རིམ་བཞིན་གྱིས་གཞོན་པ་ལ་བཀའ་བབ་པ་ཞིག་ཡོད་པ་དང་། ལྷག་པར་བསམ་ཡས་ཆོས་སྐྱོང་ཆེན་པོས་ཀྱང་། རྡོ་རྗེ་གདན་གྱི་འཛིན་སྐྱོང་རིགས་གསུམ་མགོན་པོའི་རྣམ་འཕྲུལ་གྱི་གཞོན་པ་དེ་ལ་བཀའ་བབ་ཡོད་དོ་ཟེར་བ་ཐང་གཉིས་ངེད་རང་ལ་ཡི་གེ་བྱུང་བ་སོགས་གང་ནས་བསམ་ཀྱང་ཁྱེད་ཀྱིས་རབ་བྱུང་གི་བརྟུལ་ཞུགས་འདིི་དོར་ནས་ངེད་རང་བཞིན་བགྱིས་ན། ང་ཡང་བསམ་པ་དེ་གས་རྫོགས་ཤིང་། ངེད་རང་གི་གཟུགས་པོས་ནམ་ལྕོགས་བར་ཁུར་ཡང་ལེན་པ་དང་། དེ་ལྟར་བྱས་ན་རང་རེ་ལ་དགྲ་གཉེན་གྲོགས་གསུམ་སུས་ཀྱང་བསམ་ངན་སྦྱོར་རྩུབ་ཀྱིས་མི་ཚུགས་ཤིང་། ངེད་ཀྱིས་ཀྱང་