[A:༣༢༡]སྔགས་འཆང་ཆེན་པོའི་བཀའ་ཆེམས་སྙིང་ལ་བཅང་ནས། གདན་སའི་འཛིན་སྐྱོང་གི་ཆེད་དུ་ཕྱི་ནང་གསང་གསུམ་ནས་ཡིད་ཆད་གཏོང་བ་མང་པོ་བྱུང་ཡང་བཟོད་རང་བསམ་བསྲན་བསྐྱེད་པས་ས་སྐྱ་མིང་མ་སྟོང་ཙམ་བྱུང་བ་ཡིན། ད་ཆ་ཁྱེད་ཀྱིས་ངེད་ལ་མི་ཉན་པར་འཛིན་སྐྱོང་མི་བྱེད་ན། ང་ཡང་སུ་ལ་བསམ་ནས་སྡོད། གང་ནའང་ངེད་ཀྱི་སྔགས་འཆང་ཆེན་པོའི་བཀའ་ཆེམས་བློས་མ་ཐོངས་པ་བཞིན། ངེད་ཀྱི་ངག་ཀྱང་ཁྱེད་ཀྱིས་མི་གཅོག་པ་བྱེད་དགོས། དེ་བཞིན་མ་བྱས་ན་གོང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱང་ཐུག་ཁྲེལ་འགྲོ། ད་ལྟ་བློ་ཐག་ཆོད་ཆོད་ལྟར་བྱས་གདུང་སྤེལ་མ་བྱས་ཀྱང་། ང་ཡང་གཟུགས་གཤིས་ངན་པ་དང་ཡུན་རིང་ཨེ་སྡོད་མི་ཤེས་པས། བཞི་ཐོག་བླ་བྲང་གི་གཙུག་ལག་ཁང་དང་། རྟེན་གསར་བཞེངས། ངེད་ཀྱི་བློ་ལ་ཇི་ལྟར་ཡོད་པ་འདི་རྣམས་ཀྱི་མཇུག་ཁྱེད་ལ་བསྒྲིལ་དགོས་པ་ཡོང་ཞེས་སོགས་གསུངས་པས་རྗེ་ཉིད་རེ་ཞིག་ཐུགས་ ཡེད་ཡེད་པོར་གྱུར་ནས་གསུང་འབྱོན་རྒྱུ་མ་བྱུང་བར་ལུས། དེ་མཚམས་ནས་ཞལ་རས་སྤྱན་ཆབ་ཀྱིས་སྦགས་བཞིན་པས་བདག་གི་ས་ནས་གོང་བཞུགས་ཞབས་དྲུང་གི་བཀའ་གང་ཕེབས་ཞུ་བ་ལས་མ་འདས་འདུག་ཀྱང་། སྤྱིར་འཇིག་རྟེན་དང་འབྲེལ་པའི་འཛིན་སྐྱོང་བདག་གིས་མི་ཤེས་ཤིང་། ལྷག་པར་ཁྱིམ་བདག་དང་ལྷན་ཅིག་གནས་པ་བདག་གི་བློ་ལ་མེད་ངེས་དགོངས་པར་