R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༢༢
[A:༣༢༢]མངའ་བ་ལྟར་ལགས་པས། བདག་རང་གི་ཆ་ནས་ཆོས་མཐུན་གྱི་ཁ་ཏོན་གང་འཕེལ་དང་། ཅི་ནུས་ཀྱི་འཆད་ཉན་བགྱིད་པ་སོགས་ཀྱི་སྒོ་ནས་ཞབས་ཏོག་བསྒྲུབ་ཆོག་པ་ཞིག་དང་། དེང་སང་ཞལ་བཀོད་གནང་བའི་བཞི་ཐོག་གི་ལྷ་ཁང་རྟེན་བཞེངས་རྣམས་ཀྱང་མཐར་ཕྱིན་པ་ཞིག་ལོས་ཡོང་དུ་འདུག་པ། གོང་བཞུགས་རང་ད་དུང་ལོ་བརྒྱར་སྤྱི་དགོས་བསྟན་པ་དང་སེམས་ཅན་གྱི་དོན་ལ་ཞབས་པད་བརྟན་པའི་ཐུགས་འདུན་གནང་དགོས་པའི་ཚུལ་རྒྱས་པར་ཞུ་བར་མཛད་ཀྱང་ལན་གང་ཡང་མ་གནང་བས། གདན་སའི་ཁུར་བཞེས་དགོས་ཀྱི་བཀའ་སྩལ་བཞིན་དེ་ལོའི་ཀྱཻ་རྡོར་དང་ཕུར་སྒྲུབ་ཀྱི་ཆོག་དཔོན་ལ་ཕེབས་ནས་སློབ་མ་རྗེས་འཛིན་སོགས་གནང་། དེ་དུས་ཕུར་པའི་དབང་ཡོན་དུ་རྒྱལ་བ་བྱམས་པའི་སྐུ་བརྙན་ལི་མ་བྱོན་གཙང་ཞིག་འབུལ་མི་བྱུང་བར་ཡབ་རྗེའི་དྲུང་དུ་གཟིགས་པ་ཕུལ་བས་གསུང་ལས། འདི་རྟེན་འབྲེལ་ལེགས། བྱམས་པའི་བསྟན་པ་མ་ཤར་བར་དུ་གདུང་སྤེལ་བྱས་ནས་སྡོད་ཟེར་བའི་རྟེན་འབྲེལ་ཡིན་གསུང་ནས་དགྱེས་ཚོར་གནང་། དེ་ལོ་སྟན་མཇུག་གླིང་ག་བདེ་བ་ཅན་གྱི་དུས་ཆོས་གནང་དགོས་དང་། རྒྱུད་གསུམ་མན་ངག་དང་བཅས་ཆོས་འཕྲོ་འགའ་ཞིག་གསན་དགོས་བཅས་ཀྱི་མུས་ཕྱོགས་སུ་ཆིབས་བསྒྱུར་བའི་ལམ་བར་དུ། ངམ་རིང་ཆོས་རྒྱལ་ནས་སྤྱན་འདྲེན་པ་འབྱོར་བ་བཞིན་