R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༢༣
[A:༣༢༣]ཕེབས་ནས་ཆོས་རྒྱལ་འཁོར་བཅས་དང་ཆོས་སྡེའི་བླ་གྲྭ་རགས་བསྡུས་བཅས་ལ་དབང་བཀའ་རྗེས་གནང་ལུང་སོགས་སོ་སོའི་སྐལ་བ་བཞིན་སྩལ། འདི་སྐབས་ཤིག་ཏུ་ཡབ་རྗེ་ནས་གདན་སའི་འཛིན་སྐྱོང་ཁག་ཆེ་ཚུལ་ངོས་ཀྱི་གླེང་བ་ལྟར་ཡིན་ཞེས་སོགས་ཀྱི་བཀའ་ཤོག་ཕེབས་པར་བརྟེན་ངམ་རིང་ཕྱོགས་ཀྱི་ཐུགས་བྲེལ་མྱུར་ཆོད་མཛད་ནས་མུས་སུ་ཕེབས་པར་ཕེབས་བསུ་སྔར་ལུགས་ལྟར་གྱིས་མུས་ཆེན་དང་མཇལ་བའི་ཚེ་རྗེ་ཉིད་ནས་སྔ་སོར་རགས་རིམ་ཐོབ་ཀྱང་། ད་ལན་གསུང་ངག་ཆ་ལག་ཡོངས་རྫོགས་མཐའ་ཆོད་པ་གཅིག་གནང་དགོས་ཚུལ་ཞུས་པར་མུས་ཆེན་གྱི་ཞལ་ནས། གསེར་ཁ་བདག་པོའི་དཔེར་འདུག་པས། ལམ་འབྲས་ཆ་ལག་དང་བཅས་པ་ཞིག་ཅིས་ཀྱང་འབུལ་སྤྲོ་ཞིང་། དེ་གོང་ཞབས་དྲུང་ནས་ཚོགས་ཆེན་ལ་བཀའ་ཆོས་ཞིག་གནང་དགོས་ཞེས་གསུངས་པར་རྗེ་འདིས་དེ་ཁའི་འདུས་ཚོགས་དང་། གཞན་དོན་གཉེར་མང་པོ་བཅས་ལ། ཚེ་འཕེལ་དཀར་པོ་སོགས་རྗེས་གནང་བཅུ་ཕྲག་གསུམ་ལྷག་སོ་སོའི་ཡིག་ཆའི་ལུང་བཅས་གཞན་ཡང་དབང་ལུང་དུ་མ་ཞིག་གནང་གྲུབ་མཚམས། མུས་ཆེན་ཞལ་སྔ་ནས་ཀྱིས། གསུང་ངག་ཆེན་པོ་ཆེ་ཆ་ལག་བཅས་པ། མན་ངག་གི་གནད། ལག་ལེན་ཕྲ་མོའི་ཟུར་རྒྱན་དང་བཅས་མཐའ་དག་དཔྱིས་ཕྱིན་ཤིན་ཏུ་སྨིན་པར་སྩལ། འོན་ཀྱང་བརྡའ་ཆིགབརྒྱུད་ཐུན་མོང་མ་ཡིན་