R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༢༤
[A:༣༢༤]པ་ནི་སླར་བསམ་གཏན་ཕུག་ཏུ་རྗེ་ཉིད་ཁོ་ན་ལ་སྒེར་དུ་གནང་བ་མཛད་དོ། །དེ་ནས་རྗེ་མུས་ཆེན་ཞབས་ཀྱིས་སྔོན་བྱུང་གི་ལོ་རྒྱུས་འགའ་ཞིག་སྩལ་ནས། དེ་ལྟར་ས་སྐྱ་པའི་ལམ་འབྲས་ཀྱི་ཆོས་རྒྱུན་ལ་སེམས་དཔའ་ཆེན་པོ་ནས་བརྒྱུད་པ་འདི་ལས་འགྲོ་ཕན་དང་འཕྲིན་ལས་ཆེ་བ་མེད་པས་ད་རེས་ཀྱང་ཁྱེད་ས་སྐྱ་ཞབས་དྲུང་གིས་གཙོས་པའི་ཆོས་ཞུ་བ་རྣམས་ནས་གསུང་ངག་གི་བཤད་བསྒྲུབ་ལ་འབད་པ་ཐོན་ལ་ལམ་འབྲས་ཉ་དར་ཆུ་དར་དུ་འོང་བ་ཞིག་ཅིས་ཀྱང་མཛོད་ཅེས་སོགས་གསུངས་པར། རྗེ་འདིའི་དགོངས་པར། སྔོན་ངོར་ཆེན་རྡོ་རྗེ་འཆང་གི་གསུང་ངག་ཚར་བརྒྱད་ཅུ་གྱ་གསུམ་ཙམ་དང་། རྗེ་སེམས་དཔའ་ཆེན་པོས་ཚར་ཉེར་དྲུག་ཙམ་དང་འཇམ་དབྱངས་སངས་རྒྱས་རིན་ཆེན་གྱི་ཚར་ལྔ་བཅུ་ང་གཅིག་གནང་འདུག་པ་དེ་རྣམས་སྤྲུལ་པའི་རྣམ་རོལ་དུ་སྣང་བས་འོང་དཀའ་ཡང་། རྗེ་འདི་ཞལ་བཞུགས་རིང་ཚར་གཅིག་གཉིས་ཤིག་ཅི་ལྟར་ཡང་འཆད་ཐུབ་པ་དགོས་འདུག་དགོངས་པའི་ཐུགས་དམ་གྱི་གོ་ཆ་བཙན་པོ་བཞེས། དེ་ནས་སླར་ཡང་གྲུབ་ཆེན་ཤངས་པ་ནས་བརྒྱུད་པའི་ནི་གུ་སྐོར་གྱི་ཆོས་བཀའ་རྒྱས་པ་ཞིག་གནང་དགོས་ཞུས་པར་ནི་གུའི་ཆོས་བཀའ་རྒྱས་པའི་ལུགས་ཀྱི་དབང་ཁྲིད་སྤེལ་མའི་འཆད་ལུགས་འདི་བཞིན་དགོས་ཞེས་སྤྱི་དོན་དམིགས་ཕྱེད་པ་ཞིག་སྩལ་ནས་དེ་ལྟ་བུ་ཞིག་རྗེ་འགྱུར་མེད་བདེ་ཆེན་སོགས་ཤང་