R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༢༥
[A:༣༢༥]ཆོས་བཞུགས་ཆེ་བ་ཞིག་ནས་གསན་པའི་ཐུགས་འདུན་ཞུ་ཞིང་། ད་ལམ་ཟབ་ཆོས་སྙིང་པོ་ཙམ་འབུལ་གསུངས་ནས། འཇག་བསམ་གཉིས་ཀྱི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་སོ་སོའི་ལུང་ཁྲིད་ཤིན་ཏུ་སྨིན་པ་དང་། དེའི་རྒྱབ་རྟེན་དུ་བླ་མ་བརྒྱུད་པའི་རྣམ་ཐར་གསེར་ཆོས་རྣམས་ཀྱི་རྩ་འགྲེལ་སོ་སོ། མན་ངག་གི་ཡི་གེ་གསར་རྙིང་དུ་མ་དང་བཅས་པའི་ལུང་རྣམས་གནང་བར་མཛད། དེ་མཚམས་གདན་ས་ནས་ཡབ་རྗེ་རིན་པོ་ཆེས་རྗེ་ཉིད་ལ་ཕུར་སྒྲུབ་ཐོག་ཏུ་ཕེབས་དགོས་པའི་ཐུགས་དམ་ཕེབས་པར་བརྟེན། དེ་འཕྲལ་གདན་སར་ཆིབས་བསྒྱུར་ཉེ་ཚེ། རྗེ་མུས་ཆེན་གྱི་གསུངས་ལས། ད་ལོ་ངེད་ལོ་དོན་གསུམ་ཡིན་ཞིང་། དེ་བར་ཉེས་སྐྱོན་མི་ཡོང་བའི་ལུང་བསྟན་གདེང་ཁེལ་ཞིག་ཡོད་ཀྱང་། ད་དུང་ལོ་རེ་གཉིས་མ་ཤི་ན་ཁྱེད་རང་ལ་ཆོས་འཕྲོ་འདི་རྣམས་འབུལ་ཐུབ་པ་ཞིག་བྱུང་ན་སྙམ་པ་ཡིན་པས། ས་སྐྱའི་མགོན་ཁང་གོང་འོག་རྣམས་སུ་ཞབས་དྲུང་རང་བྱོན་ནས་ཐུགས་བསམ་ཆོས་བཞིན་དུ་འགྲུབ་པའི་ཕྲིན་བཅོལ་རྒྱས་པ་རེ་མཛད་པ་ཞུ་ཞེས་གསུངས་པར། རྗེ་འདི་ཉིད་ཐུགས་ཅུང་ཟད་མ་བདེ་བར། བདག་སོགས་ལྟོས་བཅས་དང་བསྟན་འགྲོའི་དོན་དུ་ཞབས་པད་ལོ་བརྒྱར་བརྟན་པར་བཞུགས་དགོས་པའི་སྙན་གསོལ་དང་། བཞུགས་གདན་ལེགས་པ་ཟང་ཟིང་གི་འབུལ་བ་རྒྱ་ཆེན་པོ་དང་བཅས་བརྟན་བཞུགས་གསོལ་