R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༢༦
[A:༣༢༦]འདེབས་ཤིག་ཀྱང་མཛད་དོ། ། དེ་ནས་ཆིབས་བཏེགས་ཏེ་གདན་སར་ཕེབས་ནས་བདེ་ཀྱཻ་གསང་གསུམ་ཡོ་ག་བྱ་སྤྱོད་དང་བཅས་པའི་རྒྱུད་མན་ངག་གསན་དོན་མཐའ་དག་གི་སྤྱི་དང་རང་གི་མཚན་ཉིད་ཕྲ་ཞིབ་བཅས་པ་བསམ་བྱུང་གི་མཁྱེན་རབ་ཀྱིས་གཏན་ལ་འབེབས་པར་མཛད། དེ་སྐབས་ཤིག་ཤར་ཁ་ཆོས་རྒྱལ་གྱི་གདུང་རིགས་དྲུང་མི་ཕམ་བདུད་འཇོམས་དཔའ་བོ་དེ་ཉིད་རྐྱེན་འགའ་ཞིག་ལ་བརྟེན་ནས་ལམ་དུས་ཀྱི་ཉམས་བཞེས་ཆག་པ་ཞིག་བྱུང་བས་སླར་དབང་གི་ཆུ་རྒྱུན་འཐུད་པའི་ཕྱིར། རྗེ་འདིའི་དྲུང་དུ་ཀྱཻ་རྡོར་རྒྱུ་ལམ་གྱི་དབང་གསན་པར་ཕེབས་ཚེ། དེ་ཉིད་དཔོན་སློབ་རྣམས་ཀྱིས་ཁ་སྐོང་དུ་གཞིས་བྱེས་འགའ་ལ་གནང་ཚེ། དབང་བཤད་སྤྱི་དོན་ཕུལ་དུ་བྱུང་བ་ཞིག་སྩལ་བ་ལས་རྗེ་བདུད་འཇོམས་དེ་ཉིད་ཀྱང་ཐུགས་ཧ་ལས་པའི་ངོ་མཚར་དང་བཅས་དེ་ནས་བཟུང་སྟེ་དད་གུས་མི་ཕྱེད་པ་རྒྱུན་ཆགས་སུ་བརྟས། དེ་སྐབས་ཤིག་ཏུ་གདོང་དགའ་བའི་མཆིས་བྲང་དད་འབྱོར་ལྡན་མ་ཚེ་སྒྲོན་བྱ་བས་ལྷོ་བྱང་གི་འདུས་སྡེར་མང་སྐོལ་དང་བཅས་རྗེ་ཉིད་ཚོག་དབུར་སྤྱན་དྲངས་ཏེ་ཟང་ཟིང་གྱ་ནོམ་པའི་བསྙེན་བཀུར་ཞུས་པར་དགེ་རྩ་རྫོགས་བྱང་དུ་བསྔོ་བ་གནང་། སླར་དགུང་ལོ་ཉེར་གཅིག་ས་སྤྲུལ་ལོ་ཟླ་བ་བརྒྱད་པའི་ནང་