R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༢༨
[A:༣༢༨]མུས་ཆེན་དྲུང་དུ་ཕེབས་ཚེ། སྔར་ཕན་རྗེ་ཉིད་ནས་ནན་ཞུས་སྟབས་ཕྱག་ལེན་སོགས་གནང་གིན་མེད་ཀྱང་དེ་ཉིན་ཅི་ཞུས་ཀྱང་མ་གསན་པར་བཞུགས་གདན་ལས་ཧར་བཞེངས་ཏེ་ཕྱག་ལན་དང་བཅས་གསེར་ཞོ་གསུམ་ལ་དར་སྣ་ལྔ་ཁ་མང་པོ་འབྲེལ་པ་ཞིག་ཕུལ་ནས་འདི་ཁྱེད་ཀྱི་གསུང་ངག་གེགས་མེད་དུ་གྲོལ་པ་ལ་བསྒོམ་འཆེན་གྱི་གཏང་རག་བརྡའ་མཚོན་པ་ལེགས་སོ་ཞེས་སོགས་གསུངས་ནས་སླར་བཞུགས་ཏེ་མུས་ནང་གི་དགོན་མ་བུ་རྣམས་ས་སྐྱ་པའི་ཕྱག་ཏུ་འཕྲོད་པ་ཞིག་དང་། འདི་ན་ཞབས་དྲུང་གིས་ལམ་འབྲས་གནང་ཞིག་རེ་བ་རྨི་ལམ་དུ་སྒུགས་པ་དེ་ད་ལན་མངོན་སུམ་བྱུང་། ད་རེས་བར་ཆད་མ་བྱུང་བས་། ད་ཕྱིན་ལམ་འབྲས་ཅི་ཙམ་འཆད་ཀྱང་བར་གཅོད་མི་འོང་བ་ངེད་ཀྱི་ལུང་བསྟན་ཡིན་ཞེསསོགས་དགེས་པའི་གསུང་དུ་མ་གནང་། ཡང་ལན་ཅིག་རྗེ་ཉིད་ལ་སྤྱན་ཆེར་གྱིས་གཟིགས་ནས། རང་རེ་དཔོན་སློབ་བྱང་ཆུབ་བར་དུ་མི་འབྲལ་ལོ། །མི་འབྲལ་ལོ། །ཁྱེད་འཇམ་དབྱངས་ཀྱི་གདུང་བརྒྱུད་ཡིན་པས་སྔོན་ལ་སངས་རྒྱས་ན་ངེད་དྲོངས་ཞིག་ཅེས་ཀྱང་སྩལ་བས་རྗེ་འདི་ཉིད་ཀྱི་ཐུགས་ལ་དགའ་བདེ་ཚད་མེད་པ་འཁྲུངས། རེ་ཞིག་ནས་བསམ་གཏན་ཕུག་ཏུ་དཔོན་སློབ་གཉིས་ཁོ་ན་འགོལ་སྐབས་ཤིག་ཏུ་ཡབ་རྗེ་ནས་གདན་སའི་ཁུར་བཞེས་གདུང་སྤེལ་དགོས་ཚུལ་འདི་བཞིན་ཕེབས་པར། དེ་ཕྲལ་སེམས་