[A:༣༢༩]སྐྱོ་ཤས་ཀྱི་བརྣངས་པས་གོང་སའི་གསུང་ལན་ཀྱང་དོན་སྨིན་ཞིག་ཞུ་མ་ནུས་པས་དོན་ལ་ཇི་ལྟར་ལེགས་ཞུས་པར། རྗེའི་ཞལ་ནས། ཁྱེད་ད་ལྟའི་རྟེན་འདི་གའི་སྟེང་གནས་རྒྱུ་བྱུང་ན་བསྟན་འགྲོར་ཕན་སླེབས་ཆེ་སྙམ་པ་འདུག འོན་ཀྱང་རིམ་གྱིས་དབྱིབས་ཚུལ་ལ་གཟིགས་ཀྱིན་དགག་དགོས་རྩིས་པའི་གནང་ལུགས་མཛད་པ་ཟབ་ཅེས་སོགས་ལུང་བསྟན་གསལ་བ་འགའ་ཞིག་གནང་།
དེ་ནས་དགུང་ལོ་ཉེར་གཉིས་པ་རྟ་ལོ་ཟླ་བ་གཉིས་པ་ཚེས་མ་ཐག་ཏུ་ཐུབ་བསྟན་རྣམ་རྒྱལ་ནས་མཁན་ཆེན་བཟོད་པ་རྒྱ་མཚོ་དང་། རྫོང་དགའ་ལྡན་རྩེ་ནས་ཆོས་ཀྱི་རྗེ་འཇམ་དབྱངས་ཆོས་བཟང་རྣམས་རྗེ་མུས་ཆེན་དྲུང་དུ་ཆོས་ཞུར་བྱོན་སྐབས། རྗེ་མུས་ཆེན་ནས་འདི་ཕྱོགས་སུ་བསྙེན་རྫོགས་ཀྱི་ལས་གྲལ་མ་བྱུང་བ་རྒྱུན་རིང་པོ་འདུག ད་ལམ་དགེ་བཤེས་དུ་མ་འདུས་པའི་སྐབས་འདིར་ལས་གྲལ་ཞིག་བྱུང་ན་བསྟན་རྒྱུན་ལ་ཕན་པ་ཞིག་གདའ་གསུངས་པ་ལྟར་རྗེ་འདི་ཉིད་ཀྱང་ངུར་སྨྲིག་གི་རྒྱལ་མཚན་བཞེས་པར་སྤྲོ་བས་ཞུ་བར་གསོལ་བ་ལྟར། ཟླ་བ་འདིའི་ཡར་ཚེས་བཟང་པོའི་ཉིན་ཡང་དབེན་བསམ་གཏན་ཕུག་ཏུ་རྗེ་མུས་ཆེན་སངས་རྒྱས་རྒྱལ་མཚན་ཉིད་ཀྱིས་མཁན་པོ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་མངོན་དུ་བསྒྲུབ་སྟེ་བསྟན་པ་ལ་མངོན་པར་དགའ་བའི་ལྷ་རྣམས་