[A:༣༣༠]ཀྱིས་འཛུམ་མདངས་ཅི་ཡང་གསལ་བར་མཛད་དོ། །དེ་ནས་ཀྱང་རྗེ་མུས་ཆེན་དེ་ཉིད་ལས་དཔལ་གསང་བ་འདུས་པ་རིམ་ལྔའི་ཁྲིད་ལ་སོགས་པ་གསན་ཚེ། ཐོག་མར་བསྐྱེད་རིམ་གྱི་བཤད་པ། པཎ་ཆེན་གུང་རུ། རྗེ་ཉི་ཟླ་སེང་གེ་སོགས་ཀྱི་རྣམ་བཤད་ཀྱི་སྟེང་ནས་རྒྱས་ཤིང་མཐའ་ཆོད་པ་དང་། རྗེ་རྡོ་རྗེ་འཆང་དང་ཀུན་མཁྱེན་གྱིས་མཛད་པའི་རིམ་ལྔའི་ཡི་གེ རྗེ་བློ་གྲོས་རྒྱལ་མཚན་གྱི་ཟིན་བྲིས་དང་བཅས་པ་ལ་གཞན་མཁས་པ་མང་པོའི་ལེགས་བཤད་ཀྱིས་བརྒྱན་པའི་རིམ་ལྔའི་ཁྲིད་ཤིན་ཏུ་སྨིན་པ་ཞིག་ཉམས་ཁྲིད་དུ་གསན་ནས་དེ་དག་གི་རྒྱབ་ཆོས་སུ་རྒྱ་བོད་ཀྱི་གཞུང་མང་པོའི་ལུང་བཤད་རྒྱས་པར་ནོད་པར་མཛད་ཅིང་། དེ་དུས་རྗེ་མུས་ཆེན་གྱི་གསུང་ལས། གསང་འདུས་འཕགས་སྐོར་གྱི་རྒྱ་གཞུང་འདི་རྣམས་གང་ཟག་གཅིག་གིས་ཉམས་སུ་ལེན་ན་གཞུང་སོ་སོའི་བརྗོད་བྱའི་དོན་རྣམས་ལམ་རིམ་དུ་བསྒྲིག་ཚུལ་འདི་ལྟར་ཤེས་དགོས་ཏེ་ཞེས་རྒྱ་གཞུང་སོ་སོ་དབང་ཁྲིད་ཉམས་ལེན་རྣམས་དང་སྦྱར་ནས་རྒྱས་པར་གསུང་། དེ་ལྟར་གསང་འདུས་འཕགས་སྐོར་གྱི་ཆོས་ཚུལ་རྣམས་ཟླ་བ་ཕྱེད་གཉིས་ཙམ་ལ་གསན་གྲུབ་པ་དང་། སླར་ཡང་བཀའ་གདམས་བློ་སྦྱོང་གི་ཆོས་སྐོར་ལ་ལྷ་བཞིའི་ཁྲིད་རིམ་སྔོན་དུ་འགྲོ་བས་བློ་སྦྱོང་དོན་བདུན་མའི་ཉམས་ཁྲིད་དང་བཀའ་གདམས་གོང་མ་རྣམས་ཀྱི་རྣམ་ཐར་གཞན་ཡང་སུམ་པ་ལོ་ཙཱ་ནས་བརྒྱུད་པའི་