[A:༣༣༣]རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་དམར་ཁྲིད་སྨིན་པ་སོགས་ཆོས་འཕྲོ་རྣམས་གསན་ཅིང་། རྗེ་དེ་ཉིད་ནས་སྙན་བརྒྱུད་བདག་པོར་གནང་ཚུལ་གྱི་ནཱ་རོ་མཁའ་སྤྱོད་ཀྱི་བསམ་མི་ཁྱབ་ཐུན་མོང་མ་ཡིན་པའི་མན་ངག་དང་འཕོ་བ་ཆེག་བརྒྱུད་མ་གཉིས་ཀྱང་རང་བབས་སུ་སྩལ། དེ་སྐབས་རྗེ་མུས་པའི་གསུང་རིགས་འགའ་ཞིག་ལ་ཞིང་ཁམས་གཞན་དུ་དགོངས་པའི་བརྡའ་ཆོས་གནང་བར་རྗེ་ཉིད་ཐུགས་ཤིན་ཏུ་མ་བདེ་བར་བརྟན་བཞུགས་གསོལ་འདེབས་རྒྱ་ཆེར་མཛད་ཉིན་ནམ་མཁའ་འཇའ་སྤྲིན་གྱིས་ཁེབས་པས་རྗེ་འདིའི་ཐུགས་ལ་བརྟན་བཞུགས་འབུལ་བར་འཇའ་སྤྲིན་འདི་རང་ལེགས་རྒྱུ་མེད་དམ་སྙམ་པ་འཁྲུངས། དེ་ནས་རྗེ་ཉིད་གདན་སར་ཆིབས་བསྒྱུར་གནང་ཁར་མུས་ཆེན་དྲུང་དུ་གང་ཅིའི་བསླབ་བྱ་མཐའ་དག་ཞུ་བར་མཛད་པས་ད་ལྟ་དང་མ་འོང་བའི་གསུང་མང་དུ་སྩལ་མཐར་རྗེ་འདི་ཉིད་ལ་ཆེར་གྱིས་གཟིགས་ཏེ། འོ། ཚེ་འདི་གློག་དང་འདྲ་ཁྱེམ་ཙམ་ཞིག་ཡིན་པས། གཞི་སྡོམ་གསུམ་རྣམ་པར་དག་པ་ལ་གནས་ནས་ཐོས་བསམ་བསྒོམ་གསུམ་ལ་འབད་སྩོལ་མཛད་དེ། ཅི་མཛད་བསྟན་དང་འགྲོ་བའི་དོན་དུ་འགྱུར་བ་ཞིག་ཅིས་ཀྱང་གནང་དགོས། འདི་ནས་ས་སྐྱར་ཕེབས་འཕྲལ་བདེ་མཆོག་གི་བསྙེན་པ་ཟླ་དྲུག་མ་ཞིག་གནང་ཞེས་སོགས་ལྷུག་སྩོལ་གནང་ཚེ་རྗེ་ཉིད་ཤིན་ཏུ་ཐུགས་རང་སྟེ་བྱང་ཆུབ་བར་དུ་ཐུགས་