R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༣༨
[A:༣༣༨]ཇོ་བོ་རྗེའི་ཕྱག་ནས་མའི་མཆོད་རྟེན་དཀར་པོ་ཞིག་ཡོད་པར་རྒྱང་ནས་གཟིགས་དུས་དེའི་ངོས་ལ་ཁརྶ་པ་ཎིའི་སྐུ་བརྙན་གསལ་བ་ཞིག་གཟིགས་པས་སླར་མཆོད་རྟེན་གྱི་དྲུང་དུ་ཕེབས་ནས་མཇལ་བར་བཞེད་ཚེ་མི་སྣང་བ་ཞིག་ཀྱང་བྱུང་། གནས་མཇལ་བ་ཞིབ་པར་གནང་། དེ་ནུབ་མཚན་ལམ་དུ་བུད་མེད་མཛེས་མ་བཞིས་ཕྱོགས་བཞི་ནས་དར་ཐག་རེ་བརྐྱངས་པའི་དབུས་ན་བཞུགས་གདན་ཞིག་འདུག་པར་བཞུགས་དགོས་ཞུས་པར་རྗེ་ཉིད་ཀྱང་བཞུགས་སྣང་ཞིིག་བྱུང་ཡང་དར་ཐག་འདེགས་པ་སོགས་ནི་མ་བྱུང་། ཕྱིར་ནང་ཞབས་འབྲིང་པ་རབ་འབྱམས་བསོད་ནམས་འོད་ཟེར་ལ་དེ་ཚུལ་གསུངས་པས། མཁའ་འགྲོའི་སྤྱན་འདྲེན་གྱི་རྣམ་པ་འདྲ་བས་ལེགས་རྒྱུ་ག་འདྲ་ཡོད་དམ་ཞུས་པས། རྗེ་ཉིད་ཀྱི་གསུང་ལས། དརཐག་འདེགས་པ་དང་ཁྱེར་བའི་རྣམ་པ་མ་བྱུང་བས་སྐྱོན་མེད་གནས་བཟང་བས་དེའི་བྱིན་རླབས་སུ་འདུག་གསུངས་པ་བཞིན་ཕྱིས་སུའང་དོན་དུ་གནས། དེ་ནས་བསམ་ཡས་སུ་ཆིབས་བསྒྱུར་ཚེ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་ཕྱི་ནང་གི་དགེ་འདུན་ཚོགས་ཀྱིས་སེར་ཕྲེང་གཟབ་བསྟར་གྱིས་ཕེབས་བསུ་ཞུས་ནས་ཕོ་བྲང་གོང་དུ་བཞུགས། དེ་ནས་པེ་དཀར་ལྕོག་ཏུ་ཕེབས་པས་གནོད་སྦྱིན་ཆེན་པོ་ཡང་དེ་མ་ཐག་སྐུ་ཕེབས། དེ་སྐབས་རྗེ་ཉིད་ནས་ཆོས་སྐྱོང་ལ་མཉེས་ཚོར་ཆེན་པོ་