R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༤༠
[A:༣༤༠]ཆིལ་བ་ལན་གསུམ་བསྒྲགས། དེ་ནས་བསམ་ཡས་ཀྱི་གཙུག་ལག་ཁང་ཉེ་འགྱངས་རྣམས་ལ་དཀར་མེ་སྙན་དར་མང་པོ་དང་། མཆིམས་ཕུར་ཕེབས་ཚེ་བྲག་དམར་ཀེའུ་ཚང་གི་ཕུག་པའི་ཐོད་ལས་ཚེ་ཆུ་མང་དུ་བབས་པས་དཔོན་སློབ་ཐམས་ཅད་ཀྱིས་གསོལ་རྒྱུ་བྱུང་། བྲག་ཕུག་དེའི་ལོགས་ཤིག་ལ་རྣམ་རྒྱལ་མཆོད་རྟེན་རང་བྱོན་གསལ་པོ་ཞིག་གཟིགས་པས་དཀོན་གཉེར་ལ་འདིའི་དཀར་ཆག་ག་འདྲ་ཡོད་གསུངས་པས། སྐུ་གཉེར་དེ་ཀརྨ་པའི་གྲྭ་རིགས་ཤིག་ཡིན་འདུག་ཀྱང་ངོ་མཚར་ནས་འདི་བཞིན་སྔར་ནས་མེད་ལགས། ད་ལམ་སྐྱེས་ཆེན་ཉིད་ཕེབས་པས་གནས་སྒོ་གསར་དུ་ཕྱེ་བར་འདུག་ཟེར་བ་དེ་བཞིན་ཡོངས་ལ་གྲགས་པ་བྱུང་། འདི་སྐོར་མཁན་སློབ་ཆོས་གསུམ་དུས་ཀྱི་སྔོན་གནས་རྗེས་དྲན་གྱི་ཐུགས་ཉམས་འགའ་ཞིག་གསལ་པོར་འཁྲུངས། བསམ་ཡས་ཕྱོགས་ཀྱི་དད་འདུས་སེར་སྐྱ་ཚང་མར་དབང་བྱིན་རླབས་རྗེས་གནང་སོགས་ཆོས་ཀྱི་བཀའ་དྲིན་ཡང་རྒྱ་ཆེར་སྩལ། དེ་ནས་སླར་ཡང་དཔལ་འབྱོར་རབ་བརྟན་ནས་དཔོན་ས་ནམ་མཁའ་མཛོད་མས་རྟིང་བསྐུལ་གདན་འདྲེན་འབྱོར་བས་རིམ་ཕེབས་ཀྱིས་གྲ་ཐང་དུ་ཞ་ལུ་ལོ་ཆེན་གྱི་གསེར་གདུང་དང་། དེ་ཉིད་ཀྱི་ཐུགས་དམ་མའི་དུས་འཁོར་གྱི་སྐུ་བརྙན། པཎ་ཆེན་བྱམས་པ་གླིང་པས་བཞེངས་པའི་མཆོད་རྟེན་ཆེན་པོ་བྱམས་པའི་སྐུ་དང་