[A:༣༤༡]བཅས་པ་མཇལ། དཔལ་རབ་ནས་ཕེབས་བསུའི་བཀོད་པ་གཟབ་པ་དང་བཅས་ཏེ་དེར་ཕེབས། དཔོན་ས་ཉིད་གཙོ་བོར་གྱུར་པའི་སྤྱི་སྒེར་ཐུན་མོང་དང་སོ་སོར་ཆོས་བཀའ་རྒྱ་ཆེར་གནང་། ཁྱད་པར་དཔོན་ས་སྲས་ཡུམ་ནས་གསོལ་བ་ནན་ཅན་བཏབ་ངོར་ཟབ་ཆོས་ཀྱང་འགའ་ཞིག་བསྩལ། ཞལ་གྱི་རྗེས་གནང་མཛད་ཚེ། སྲས་མོ་ཆོས་མཛད་མ་གཅིག་ཡོད་པ་ཨ་ཙ་ར་ལག་ན་རྐྱལ་པ་ཁྱེར་བ་སྨ་ར་རིང་པོ་བྱས་པ་ཞིག་དང་དངོས་སུ་འཕྲད་པས་ཐམས་ཅད་ཀྱིས་བླ་མ་དང་མགོན་པོ་དབྱེར་མེད་དུ་ཤེས་པའི་དད་པ་ཐོབ། དཔལ་རབ་སྟེང་གི་མགོན་ཁང་བསིལ་བའི་ཚལ་དུ་གྲགས་པ་དེར་ཉིན་རེ་བཞིན་ཐུགས་དམ་བསྐང་འཕྲིན་རེ་དང་། ཞལ་གྱི་མན་ངག་ནས་འབྱུང་བ་བཞིན་ཞལ་གྱི་རྟེན་རྡོ་ཞིག་གི་སྟེང་དུ་ནས་ནག་གི་ཚོམ་བུ་ལྔ་ལ་བརྟེན་ནས་བསྟན་འགྲོ་སྤྱིིའི་ཕན་བདེ་དང་ཁྱད་པར་རྗེ་བཙུན་ས་སྐྱ་པའི་བསྟན་པ་ཕྱོགས་མཐར་རྒྱས་པའི་བཀའ་བསྒོ་གནང་བས་ཕྱིས་སུ་སྒར་ཆེན་རིན་པོ་ཆེའི་ཕྱག་ཏུ་དཔལ་རབ་ཀྱི་ཆོས་གཞིས་བྱུང་བ་སོགས་ཀྱང་འདིའི་ནུས་པར་ངེས་ཤིང་དེ་རས་ཀྱང་སྦྱིན་བདག་འཁོར་བཅས་དད་སྟོབས་ཕུལ་དུ་ཕྱིན་པས་འབུལ་ནོད་ཀྱང་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ནས་རིམ་གྱིས་ཟླ་བ་དགུ་པའི་ནང་གདན་སར་ཕེབས། ཟླ་བཅུ་པ་དང་བཅུ་གཅིག་པར་ལོ་ལྟར་གྱི་དུས་རིམ་རྣམས་རྒྱས་པར་ཚུགས།