[A:༣༤༦]དུ། རྗེ་ཉིད་དང་སྤྱན་སྔ་བ་ལྷན་ཅིག་ཏུ་བཞུགས་འདུག་པའི་དྲུང་ན། རྣལ་འབྱོར་པའི་ཆ་ལུགས་བྱས་པ། གཟུས་བོང་ཆེན་པོ་རལ་པའི་ཐོར་ཅོག་ཅན། ལུས་ལ་རུས་རྒྱན་དང་གཡེར་ཁའི་སྒྲ་སིལ་ཆོམ་མེ་བ་དང་བཅས་པ་ཞིག་བྱུང་བར། རྗེ་ཉིད་ཀྱིས་སྤྱན་སྔ་རིན་པོ་ཆེའི་བསྔགས་པ་མང་དུ་བརྗོད་པས། དེ་ན་རེ། དེ་བཞིན་ཡིན་ལས་ཆེ་སྟེ། ང་ནི་ཁྱེད་རང་གིས་སྤྱན་ཧུར་རེ་གཟིགས་པ་དེ་ཟིལ་ཆེ་བ་ཞིག་ཡོང་གི་འདུག་ཅིང་ཁྱེད་རང་ལྷག་བསམ་པ་ཡོད་ཟེར་བ་སོགས་གཉན་མགོན་རང་ཤུགས་སུ་འགོ་བའི་རྟགས་མཚན་ངོ་མཚར་བ་བྱུང་། ཕར་ཡང་ཟབ་ཆོས་འགའ་ཞིག་སྩལ། རྗེ་འདི་གདན་སར་ལན་གསུམ་བྱོན་ཏེ་བཀའ་ཆོས་གསན་གནང་ཚད་མེད་དང་། ཐུགས་སྣང་ཡང་ཤིན་ཏུ་གཤིན་པས་ཕྱིས་སུ་སྤྱན་སྔ་ཉིད་སྐུ་གཤེགས་ཁང་ཡང་ལོ་དགོན་པའི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནེའི་བཟོ་ཕུད་དུ་བཞེངས་པའི་ཐུབ་པ་འོད་ཟེར་འགྱེད་དང་། ཇོ་བོ་བོད་དུ་བྱོན་ན་བསྟན་འགྲོར་སྨན་པར་ལུང་སྟོན་པའི་ལུང་བསྟན་སྒྲོལ་མ་གཉིས་ཀྱང་ས་སྐྱར་འབུལ་བར་མཛད་པ་ཡིན་ནོ། །
དེ་ནས་དགུང་ལོ་ཉེར་བདུན་ཆུ་ཕག་ས་ག་ཟླ་བའི་ཉེར་གཉིས་ནས་ཞག་བདུན་གྱི་བར་དམ་རྫས་འཆི་མེད་རིལ་བུ་བསྒྲུབ་པ་མཛད་ཚེ། ཉིན་རེ་བཞིན་འཇའ་སྤྲིན་དཀར་པོས་ནམ་མཁའི་ཁྱོན་གང་ཞིང་། མནལ་ལམ་ཞིག་ཏུ་བུད་མེད་ཅིག་གིས་ཤིང་ཏོག་མང་པོ་ཕུལ་