[A:༣༤༧]བ་སོགས་ངོ་མཚར་བའི་མཚན་ལྟས་བྱུང་། དེའི་དབྱར་ལྷ་ཆེན་རིག་འཛིན་ཕོ་བྲང་དུ་འཇིགས་བྱེད་ཀྱི་གསུང་བསྙེན་སྨིན་པར་མཛད། དེ་ལོ་ཟླ་བ་བཅུ་གཉིས་པའི་ནང་དུ་ནགས་དགོན་ཆོས་རྗེ་སྦྱིན་པ་གྲགས་པ་དོན་སློབ་ཞིག་གདན་སའི་རྟེན་དང་བརྟེན་པ་མཇལ་བར་ཕེབས་པའི་ཚེ། དེ་ཉིད་མདོ་སྔགས་ཀྱི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་ཅིང་། མུས་ཆེན་རྗེའི་ཞལ་སློབ་ཀྱི་ཐུ་བོ་ཡིན་པ་སོགས་ཆོས་ཁུངས་གཙང་མར་སོང་སྟབས་ཆོས་བཀའ་འགའ་ཞིག་གསན། ཕྱིར་ཡང་གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་སོགས་འགའ་ཞིག་སྩལ།
དགུང་ལོ་ཉེར་བརྒྱད་ཤིང་བྱི་ལོར་ཟླ་བ་བཅུ་པའི་ཚེས་དྲུག་གི་ཐོ་རངས་མནལ་ལམ་དུ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་སྐུ་མདུན་ན་རྒྱ་ཇ་སོགས་དངོས་པོ་མང་པོ་ཞིག་འདུག་པར་རྗེ་འདི་ལ་གཟིགས་ཏེ། དངོས་པོ་འདི་རྣམས་ཀྱི་ཐོ་ཡིག་འདི་ཡིན་གསུངས་ནས་ཡི་གེ་ཞིག་སྩལ་སྙམ་བྱུང་བ་དང་། ལྷག་པར་རྗེ་ཉིད་ཀྱི་ཐུགས་ལ་དོགས་གནས་ཆེན་པོ་ཞིག་ཡོད་པ་དེ་ལ་འདི་གྱིས་ཤིག་པའི་བསླབ་བྱ་ལྷུག་སྩོལ་དུ་གནང་བ་སོགས་བྱུང་། དེ་ནས་རྒྱུན་མི་རིང་བ་ཞིག་ན་འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་ཁམས་ནས་ཡར་ཕེབས་པར། རྗེ་ཉིད་དཔོན་སློབ་རྣམས་གླང་དཀར་བར་དུ་ཕེབས་བསུར་བྱོན་པས་མཇལ་མ་ཐག་རྗེ་འདིས་མཇལ་དར་དང་བཅས་