[A:༣༤༨]ཕྱག་ཕུལ་མཛད་ཚེ། གྲུབ་མཆོག་དེ་ཉིད་ནས་ཀྱང་སྐུ་མཆེད་ཡུན་རིང་ནས་མ་མཇལ་བའི་ཐུགས་བརྩེ་གདུང་གི་ཤུགས་དང། རྗེ་འདིས་གདན་ས་ཆོས་སྲིད་ཀྱི་ཁུར་བཞེས་ནས་འཕྲིན་ལས་རྒྱས་པ་ལ་ཐུགས་དགྱེས་སྤྲོའི་ཤུགས་ཀྱིས་མཇལ་དར་དང་ཕྱག་མཛད་པས་རྗེ་ཉིད་ཀྱི་གཅེན་གྱི་སྐུ་ལ་འཁྱུད་ནས་བཤོལ་བར་གྲུབ་མཆོག་ཉིད་ནས་ཁོ་བོ་ན་སོ་རྒན་ཀྱང་ཁྱེད་རང་གི་ལུགས་གཉིས་ཀྱི་མཁྱེན་རབ་ཕུལ་དུ་ཕྱིན་པ་འདིའི་ཆར་ཡང་མི་ཕོད་ཅེས་སོགས་རྗེས་སུ་ཡི་རང་གནང་ནས་སྐུ་མཆེད་ལྷན་ཅིག་པར་ཆོས་སྡེ་ཕན་ཚུན་ནས་སེར་ཕྲེང་གི་ཕེབས་བསུ་དང་བཅས་ཐུགས་ཉམས་སྤྲོ་བར་ཕེབས། སྒང་ཆེན་ཞབས་དྲུང་ནས་སྐུ་བརྙན་རྒྱ་ནག་མ་གྱོན་གཙང་བ་དུ་མ་དང་། རོལ་མོ། ཇ་གོས་དང་། རྟ། དྲེལ་སོགས་ཟང་ཟིང་གི་དངོས་སྤྱད་རྒྱ་ཆེར་ཕུལ། གཙུག་ལག་ཁང་སོ་སོར་སྙན་དར་ཕོན་ཆེན་དང་འདུས་སྡེར་མང་འགྱེད་སོགས་ལྷ་མི་ཀུན་ལ་སྐྱེས་གནང་རྒྱ་ཆེར་སྩལ། དེ་ལོ་གདན་སར་མི་ཕྱེད་པའི་དད་པ་ཅན་ཤག་པ་ཆོས་ཀྱི་རྗེ་ཀུན་བཟང་དྲུང་དང་། གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་གི་ཞབས་འབྲིང་པ་སྕགས་ལ་བླ་མ་ཆོས་རྒྱ་མཚོ་གཉིས་ཀྱིས་གཙོས་པའི་དད་ལྡན་དུ་མའི་ངོར་གསུང་ངག་རིན་པོ་ཆེ་རྒྱས་པར་གནང་། དེ་རྗེས་ཀྱང་ལོ་ནས་སྤྱན་སྔ་རིན་པོ་ཆེ་ཕེབས་པར་ཆོས་བཀའ་འགའ་ཞིག་གསན།