R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༥༡
[A:༣༥༡]སྤྱན་འདྲེན་ནན་ཞུས་བཞིན་ཕེབས་ཏེ་ཚེ་བཀའ་སོགས་སྐྱོན་སེལ་གྱི་དབང་བཀའ་འགའ་ཞིག་སྐུ་སྒེར་དང་ཕུར་པ་གྲྭ་ཚང་གསར་བཙུགས་ཀྱི་དགེ་འདུན་དང་དྲུང་འཁོར་དྲག་རིམ་སོགས་མང་བ་ལ་ཕུར་པའི་སྨད་ལས་དྲག་པོ་སྒྲོལ་དབང་གནང་ཚེ་རྙིང་མ་སྤྱི་དོན་སོགས་གསུང་བཤད་ཅུང་ཟད་སྤྲོས་པ་མཛད་པས་སྨོན་འགྲོོ་ཚེ་དབང་པ་སོགས་དཔྱོད་ལྡན་རྣམས་ཀྱང་ཡིད་རང་དབང་མེད་པར་འཕྲོགས། མི་དབང་ཆེན་མོ་ནས་ལོ་མཐོང་བཀྲ་ཤིས་སྦུག་གི་མཆོད་གཞིས་ཀྱི་ཐོག་དྲངས་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཕུལ། ཕར་ལམ་སྣར་ཐང་དུ་རྟེན་མཇལ་དང་། ངོར་ཨེ་ཝཾ་ཆོས་ལྡན་ནས་ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས་གདན་དྲངས་པ་བཞིན་ཕེབས། རྟེན་མཆོག་རྣམས་ལ་མཆོད་འབུལ་དང་བསྟན་འགྲོར་དགོངས་པའི་སྨོན་ལམ་མཛད། འདུས་ཚོགས་ལ་མང་ཇ་གྲལ་འགྱེད་སྩལ། ཤར་ཆེན་དེ་ཉིད་དང་ཐར་རྩེ་ནམ་མཁའ་སངས་རྒྱས་ཀྱིས་གཙོས་འདུས་ཚོགས་ལ་རྗེ་རྡོ་རྗེ་འཆང་གི་བཞུགས་ཁྲིའི་སྟེང་ནས་ཆོས་བཀའ་རྒྱ་ཆེར་གནང་སྟེ། ཤབ་དགེ་སྡིངས་སུ་ཕེབས་ཁྲོམ་ཚོགས་ཁྲི་ཕྲག་བརྒལ་བར་ཁྲོམ་དབང་། ཡར་ལམ་དར་ལུང་དུ་གསུང་བསྐང་། བྱང་ཁུད་ཀྱི་ཡུལ་གྲོང་ཕྱག་དབང་ཞུ་མིའི་ཁྲོད་ན་བུད་མེད་སྒང་ཡོལ་སྐེ་ལ་ལྦ་བ་ཆེན་པོ་ཅན་ཞིག་འདུག་པར་ཕྱག་དབང་ནན་ཆེ་ཞིག་གནང་། དེ་དགོངས་བུད་མེད་ལྦ་བ་ཅན་དེ་ཞིང་སྐྱོང་