R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༥༢
[A:༣༥༢]ཆེན་པོའི་ཡུམ་ཆེན་ཞིག་ཡིན་པ་འདྲ། ལྦ་བ་དཀྱུས་མ་ཞིག་ཏུ་མི་འདུག་གསུང་། དེ་ལོ་ཟླ་བ་བརྒྱད་པའི་ནང་ཌ་ཌི་སྲིན་པོ་ཆོས་རྫོང་གི་མགོན་ཁང་ནས་ཤིང་མགོན་སྔར་དུས་གདན་སར་དྲངས་པའི་ཚབ་འདི་ལོ་འཕགས་པ་རིན་པོ་ཆེའི་ཐུགས་དམ་རྟེན་མགོན་པོ་ལྕམ་དྲལ་གྱི་སྐུ་བརྙན་འདོ་ལི་ལ་སྤྱན་དྲངས་པ་དང་བཅས་རྗེ་ཉིད་ཕེབས་ཏེ་མགོན་ཁང་དེར་བཞུགས་སུ་བཅུག་ནས་སྙན་དར་དང་སྤྱན་གཟིགས་རྔམས་བརྗིད་ལྡན་པ་ཕུལ་རབ་གནས་མང་གསོལ་རྒྱས་པ་དང་དུས་གཏོར་རྒྱུན་འཛུགས་བཅས་མཛད། འདི་སྐབས་མནལ་ལམ་དུ་གྲུབ་མཆོག་དབང་པོ་མཚན་ཅན་དེ་ཉིད་ཀྱི་དགྱེས་པའི་གསུང་དུ་མ་དང་ལྷག་པར་སྒྲུབ་ཐབས་རྒྱ་མཚོའི་ནང་གི་ཀུ་རུ་ཀུལླེའི་ཐུན་མོང་མ་ཡིན་པའི་མན་ངག་འདི་རྣམས་ཡིན་ཞེས་སྩལ་བ་སོགས་བྱུང་བས་མགོན་ཁང་འདི་ཉིད་བཞེངས་པར་མཛད་པ་ལ་གྲུབ་དབང་དེ་ཉིད་ཀྱང་དགོངས་པ་ཁྱད་པར་ཅན་རྫོགས་པར་མངོན། དེ་མཚམས་ནས་ཕྱོགས་ཀྱི་འབུལ་སྐྱེལ་བ་གཉེར་ཁག་བདུན་གྱི་དངོས་པོ་བསམ་གྱིས་མི་ཁྱབ་པ་སླེབས་པས་ཆོས་སྐྱོང་དགྱེས་པའི་མཚན་ལྟས་ཀྱི་རྟེན་འབྲེལ་ཡང་འགྲིག དེ་ནས་གདན་སར་ཕེབས། དགུང་ལོ་སོ་གཉིས་པ་ས་འབྲུག་ལོར་མཁན་ཆེན་ངག་དབང་