R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༥༣
[A:༣༥༣]ཆོས་གྲགས་གདན་དྲངས་པ་བཞིན་ཕེབས་པས་སེར་ཕྲེང་གི་བསུ་བ་གནང་། དུས་ཀྱི་འཁོར་ལོས་མཚོན་པས་ཆོས་བཀའ་ཞབ་ཅིང་རྒྱ་ཆེ་བ་མཐའ་ཡས་པ་ཞིག་གསན། ཕར་ཡང་གསང་འདུས་རིམ་ལྔའི་དམར་ཁྲིད་འགོས་ལུགས་གཙང་མ་ལ་རྒྱབ་ཆོས་ཡིག་རྙིང་དུ་མའི་ལུང་སོགས་འཕགས་སྐོར་ཡོངས་རྫོགས་ཀྱི་ཁྲིད་ལུང་བཤད་བཀའ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་བས་མཁན་ཆེན་འདི་ཉིད་ཀྱང་འདི་ནས་བཟུང་སྟེ་གསང་འདུས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དགུང་ལོ་སོ་གསུམ་པ་ས་སྦྲུལ་ལོར་ལོ་སྔ་མའི་བཞི་ཐོག་གི་ཨར་པོའི་འཕྲོ་གྲུབ་པར། ལི་མ་ལྷ་ཁང་རྡོ་རྗེའི་གདན་དང་། རྒྱ་ནག་ལྷ་ཁང་རི་བོ་རྩེ་ལྔ་དང་། དཔེ་ཁང་ཆོས་མཛོད་ཆེན་མོ་རྣམས་སུ་མཚན་གསོལ་ནས་རབ་གནས་སྨིན་རྒྱས་གནང་། དེ་དང་དུས་སྤྲེལ་ལྷ་ཁང་ཆེན་མོའི་བྱང་ཤར་གྱི་ལྕོག་བཙུན་མོ་སྤེའུ་ཡང་ཉམས་གསོ་རྨང་ནས་བསླང་བར་མཛད་ཚེ་མནལ་ལམ་དུ་སྔགས་འཆང་ཡབ་སྲས་གསུམ་རྗེ་ཉིད་བཅས་བསམ་གླིང་དུ་ཕེབས་རྒྱུའི་རྣམ་པས་བཙུན་མོ་ལྕོག་གི་ཤར་རྩ་ནས་ཡར་འབྱོན་གིན་འདུག་པར་སྔགས་འཆང་ཆེན་པོས་བཙུན་མོ་སྤེའུར་ལེགས་པར་གཟིགས་རྗེས་རྗེ་ཉིད་ལ་གཟིགས་ནས་ཞལ་འཛུམ་ཤིན་ཏུ་ཆེ་བ་ཞིག་མཛད་པ་བྱུར་བས་སྔགས་འཆང་ཆེན་པོ་ཡང་དགོངས་པ་རྫོགས་པའི་མཚན་མར་