R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༥༩
[A:༣༥༩]དུས་གྲྭ་པ་འབྲུམ་ནད་ལས་གྲོལ་འཕྲལ་རྣམས་ལ་ཕྱག་དབང་གནང་སྐབས། རྗེ་ཉིད་ནས་ང་ལ་ཡང་འབྲུམ་ནད་འགོས་ཡོང་ལས་ཆེ་ཞེས་སོགས་གསུངས་ཀྱང་། ཞབས་འབྲིང་པ་རྣམས་ཀྱིས་རྗེ་འདི་སྔར་མུས་ལ་བཞུགས་སྐབས་སྐུ་འབྲུམ་དུ་ངོས་བཟུང་བའི་བསྙུན་ཞིག་བྱུང་བར་ཕྱིས་སུ་ཤངས་ལ་འབྲུམ་རྗེས་ཆེན་པོ་གཅིག་ཀྱང་དངོས་མཐོང་ཡོད་བཞིན་དུ་སྐུ་འབྲུམ་གྱི་དོགས་པ་ག་ལ་ཡོད་ཚུལ་ཞུས་ཀྱང་ཇི་ལྟར་ཡིན་ནམ་གསུངས་པ་ཙམ་གྱི་ངང་ལ་ཕུར་སྒྲུབ་ཚུགས་པའི་ས་འདུལ་གྱི་ཉིན་སྐུ་ཁམས་ཅུང་མ་བདེ་ཡང་ཀུན་གྱིས་དོགས་པ་མ་ཤར་བས་སྐུ་ཁམས་ལྷོད་མེད་དུ་གནང་། དེ་མུས་ཚེས་བཅོ་ལྔའི་སྔ་དྲོ་སྐུ་དང་ཞལ་རས་ལ་འབྲུམ་བུ་ཁ་ཤས་ཐོན་ཡང་འཚོ་བྱེད་པ་རྣམས་ཀྱིས་སྔར་གྱི་དེ་ཡིད་ལ་འཇགས་ཆེས་པས་འབྲུམ་ཡན་ཡིན་སྙམ་བག་ཡངས་སུ་དུ་བཞག གསུང་ཆོག་ལ་གདངས་དབྱངས་ཀྱང་ཚེ་ཙམ་མཛད་པས་རིམ་གྱིས་སྙུན་ཆེར་བྱུང་ཡང་སྔགས་འཆང་ཆེན་པོའི་དུས་མཆོད་འདི་ཁག་ཆེ་དགོངས་ཏེ་ཐུགས་བསྲན་མཛད་པས་བཅུ་བདུན་གྱི་ཉིན་སྐུ་འབྲུམ་ཡིན་པར་ཐག་ཆོད་ནས་བཅོ་བརྒྱད་ལ་དཀྱིལ་འཁོར་བསྡུ་གཤེགས་མཛད། གྲྭ་ཚང་ནས་སྐུ་རིམ་འཛུགས་པ་སོགས་གནང་བས་སྐུ་ཁམས་རིམ་དངས་བྱུང་བས་ཉེ་སྐོར་སེར་སྐྱ་ཐམས་ཅད་ཀྱིས་འདི་ལོའི་འབྲུམ་ནད་ལ་རྔ་སྐད་གྲགས་ཙམ་ཡང་མི་རུང་བ་ལ་གོང་བཞུགས་ལ་སྐུ་འཆམས་དང་གསུངས་