R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༦༡
[A:༣༦༡]ཚང་ལ་སྒེར་དུ་མང་འགྱེད་དང་འདུ་ཁང་ཞིག་གསོས་ལ་ཕྱག་ནས་མཛད། ཁྲོམ་དབང་ཞིག་ཀྱང་གནང་། ངམ་རིང་བྱམས་ཆེན་དང་། རྩེའི་རྟེན་རྣམས་མཇལ། ཚུར་ལམ་ཀླུ་སྒྲུབ་སྤྲུལ་པའི་སྐུས་གྲོ་མོ་ལུང་དུ་སྤྱན་དྲངས་བསྙེན་བཀུར་རྒྱ་ཆེན་ཞུས། ནང་པར་རིན་ཆེན་སྡིང་དུ་ཁྲོམ་ཚོགས་སེར་སྐྱ་ཁྲི་ཕྲག་ལོངས་པར་ཚེ་དབང་སྩལ་ནས་གདན་སར་ཕེབས། ཟླ་བ་བརྒྱད་པའི་ཚེས་བརྒྱད་དཀར་པོ་ནམ་གྲུའི་འགྲུབ་སྦྱོར་ཉིན་ཐུགས་སྲས་ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐུ་བལྟམས། དགུང་ལོ་ཞེ་གསུམ་པ་ས་ཡོས་ལོར་གཙང་པ་ནས་ལྷོར་དཔུང་འཇུག་མཛད་ནས། འབྲུག་པའི་ཡོན་བདག་ཐམས་ཅད་ཀྱི་ཁང་པར་མེ་རྒྱག་པ་སོགས་འབྲུག་ཞབས་དྲུང་ཉིད་ཀྱང་དབེན་དགོན་ལྕགས་རི་ལ་འཁྲ་བཙན་མཛད་དགོས་ཤར་བ་སོགས་ཟིལ་ཆེ་བ་བྱུང་སྐབས། རྗེ་ཉིད་ནས་ལུས་ཅན་གྱི་སྡུག་བསྔལ་ལ་གཟིགས་པ་ཚད་མེད་པས་ཤར་སྟབས་སུ་ཕེབས། བསམ་རྩེར་སྡེ་སྲིད་དྲུང་དང་། སྤ་གྲོར་མདའ་དཔོན་སྒོས་ལུང་པ་བཅས་ཕན་ཚུན་དུ་དཔུང་ཚོགས་སྡུད་དགོས་ཀྱི་བཀའ་ཤོག་གནང་བ་བཞིན་གཙང་དཔུང་ཚུར་བསྡུས་གཙང་འབྲུག་སོ་སོ་ནས་ལོག་འགལ་མི་བྱེད་པའི་དམ་རྒྱ་མཛད། དེ་དུས་ཕག་རིར་ཟླ་གཅིག་ཙམ་གྱི་བཞུགས་གནས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་བཏབ་པའི་བསམ་གྲུབ་ལྷ་ཁང་དུ་