[A:༣༦༧]མདའ་གཞུ་བཅས། གསེར་རྒྱབ་པའི་སྒ་སྲབ་རྐོས་མ་གཅིག གསེར་གྱི་ཁ་སྒོར་རྒྱབ་པའི་ཤེལ་གྱི་སྐེ་རགས་གཅིག ཤང་ལང་བརྐོས་མ་གཅིག ཁ་ཐི་ཡུག་གཅིག་ཕུལ། དམ་པའི་ཡོན་ཏན་མངའ་བའི་གདན་ས་ལོ་བརྒྱད་པའི་ཆུ་མོ་ལུག་གི་ལོའི་དབྱར་ཟླ་འབྲིང་པོའི་ཆེས་ལྔ་ལ།་ཞེས་པའི་ཞུ་ཡིག་དང་། ཞུ་ཡིག་ཏུ་མ་འཁོད་པའི་གོས་དར་གསེར་དངུལ་མུ་ཏིག་སོགས་དངོས་སྤྱད་བློས་མི་དཔོག་པ་དང་། བང་ཕྱིན་གྱི་གཙོ་བོ་རྒྱལ་པོ་རང་གི་ཏི་ཤྲི་བཀུར་བའི་སེ་ཆེན་བླ་མར་གྲགས་པས་སྒེར་དུ་འབུལ་བ་རྒྱ་ཆེན་དང་། ལྷག་ཏུ་རྗེ་འདིའི་ཞལ་མཇལ་ཐེངས་རེ་ལ་གཟི་མདངས་མི་འདྲ་བ་རེ་མཐོང་བས་ཡིད་འཕྲོག་སྟེ་དད་གུས་དཔག་ཏུ་མེད་པ་བྱས། འོན་ཀྱང་དེ་སྐབས་གདན་སའི་ཆོས་སྲིད་ཀྱི་ཐུགས་ཁུར་ཆེ་བས་ཕེབས་ཐབས་མ་བྱུང་ཡང་ལུགས་གཉིས་ཀྱི་སྐྱེས་ལོན་ཐུགས་ཁ་རྫོགས་པར་མཛད།
དགུང་ལོ་གྲངས་ཞེ་དགུ་པར་ཤིང་བྱ་ལོར་རྒྱུད་སྡེའི་དཀྱིལ་འཁོར་བདུན་ཅུ་དོན་གསུམ། དེ་དག་གི་རྒྱུད་རིམ་ཞིང་བཀོད་སོགས་བྲིས་ཐང་ཐོག་ཚད་ཉི་རྩ་གཅིག་ལྗགས་བཀོད་ཕུན་ཚོགས་སུ་སྒྲུབ་པར་མཛད་ནས་རབ་གནས་སྨིན་རྒྱས་སུ་གནང་།
དགུང་ལོ་ལྔ་བཅུ་པ་མེ་ཁྱི་ལོར་བསམ་ཡས་ནས་ཆོས་སྐྱོང་ཆེན་པོས་ལོ་འདིར་དགེ་བཤེས་ལ་སྐུ་དོག་ཆེན་པོ་ཡོད་པས་རྒྱབ་བརྟེན་མ་ཉུང་ཙམ་དགོས་ཚུལ་ཞུ་འཕྲིན་ཕུལ་བ་ལྟར། མགོ་ཟླའི་ནང་