[A:༣༦༦]བཅད་རྒྱ་གནང་སྐབས་གཟིགས་སྣང་ཐུན་མོང་མ་ཡིན་པ་འགའ་ཞིག་ཀྱང་བྱུང་།
དེ་ལོ་ཧོར་ཡུལ་ནས་མི་དབང་གོ་དན་གྱི་གདུང་བརྒྱུད་སྟོབས་ཀྱི་དབང་ཕྱུག་གོང་མ་བདག་པོ་ཆེན་པོ་བྷོ་ཁ་ཐོ་ཞེས་པ་རྗེ་འདི་ཉིད་ཀྱིས་སྙན་པས་ཐུགས་དད་གཏིང་ནས་གཡོས་ཏེ་སྤྱན་འདྲེན་དུ་བཏང་བའི་ཞུ་ཡིག་ཏུ། དཔལ་ལྡན་ས་སྐྱ་པ་ཆེན་པོའི་དྲུང་དུ། དའི་ཆིང་ཞེས་པའི་ཡུལ་དང་རྒྱ་ཆེར་བརྩེ་ཞིང་ཀུན་དང་མཐུན་པའི་དམ་པ་མཆོག་གི་རྒྱལ་པོས་ཞུ་ཡིག་འབུལ་འབྲས། ང་སྔོན་གྱི་རྒྱལ་པོ་རྣམས་ཀྱི་བཀའ་བཞག་བཞིན་གཞུང་དང་བསྟན་པ་སྤེལ་བར་བསམ་ནས། འགྲོ་བ་མངོན་པར་འདྲེན་ཐུབ་པའི་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་སྤྱན་འདྲེན་པའི་ཕྱིར་བང་ཕྱིན་པ་བཏང་ཡོད། བང་ཕྱིན་པའི་མིང་ནི་ཕྱི་གན་དགེ་སློང་། པ་རཱོན་དགེ་སློང་། གྲགས་པ་དགེ་སློང་། ནམ་ཕྱི་དགེ་སློང་། ན་མ་གན་དགེ་སློང་། བསམ་གཏན་དགེ་སློང་། ཀུན་དགའ་ཆོས་རྒྱལ་དགེ་སློང་རྣམས་ཡིན། གཞན་ཚིག་དོན་བང་ཕྱིན་པའི་ངག་ན་གསལ། ཞུ་ཡིག་རྟེན་མཚོན་དངུལ་གྱི་ཀ་ཏོ་ར་གཅིག དངུལ་གྱི་གདོང་མོ་གཅིག མ་ན་ཧོའི་ཕོར་ཆུང་གཅིག ཤེལ་གྱི་ཕོར་ཆུང་གཅིག ཤེལ་དཀར་གྱི་ཕོར་ཆུང་གསུམ། ཤེལ་དཀར་གྱི་དམ་བེ་གཅིག གསེར་རྒྱབ་པའི་ཁྲབ་གཅིག གསེར་རྒྱབ་པའི་རྨོག་གཅིག སག་ཐག་རྐོས་མ་གཅིག་