[A:༣༦༨]དགུན་ཆོས་གྲོལ་བའི་ནུབ་མོ་ནས་སྔར་གྱི་རྒྱས་འཁྲུགས་ཀྱི་བསྙུན་རོ་ལངས་ནས་སྐུ་ཁམས་ཆེར་མ་བདེ་བའི་སྐབས་གཟིགས་སྣང་དུ་འཕགས་པ་རིན་པོ་ཆེས་ཕྱོགས་བཞི་ནས་བཀྲ་ཤིས་མཛད་པ་ཤར་ཤིང་། ཚལ་གཏར་ཉིས་བརྒྱུད་དང་གསོལ་སྨན་སོགས་འཕྲོད་བཞེས་གསེང་ཤོར་མེད་པ་དང་། དགོན་སྡེ་བརྒྱ་ལྷག་ལ་མང་འགྱེད་སོགས་སྐུ་རིམ་སྟོབས་ཆེ་སྟབས་བསྙུན་གཞི་ལས་གྲོལ་བའི་དགའ་སྟོན་དང་སྐྱོན་སེལ་ཐུན་མོང་དུ། མེ་ཕག་ཟླ་བ་དང་པོའི་ནང་སེར་སྐྱ་མཐའ་དག་ལ་སྦྱིན་གཏོང་རྒྱ་ཆེན་ཞིག་བསྩལ་བའི་ཚོགས་དབུར་རྗེ་ཉིད་ཕེབས་ནས་དགེ་རྩ་རྫོགས་བྱང་དུ་བསྔོ་བ་གནང་།
ས་བྱི་ལོར་བསམ་ཡས་ཆོས་སྐྱོང་ཆེན་པོ་ནས་སྒར་ཆེན་རིན་པོ་ཆེའི་དྲུང་དུ་ཡང་གོང་བཞིན་ཞུས་པ་སོགས། གོང་གྲུབ་མཆོག་ཉིད་ཀྱི་རྣམ་ཐར་དུ་བཤད་པ་བཞིན་དང་ལོ་ཁོངས་འདིར་སྔ་མོ་ནས་གནས་འབྲུག་ཐུགས་ཁང་ཁེམས་ཆེ་ཞིང་། ལྷ་འབྲུག་ཐུགས་སྣང་མ་དག་པར་བརྟེན་ལྷ་གནས་གཉིས་ཀ་ལྷོ་ནང་ནས་བཏོན་པ་བོད་རྒྱལ་པོ་མཆོད་ཡོན་ལ་མགོ་གཏད་ཞུས་པ་བཞིན་གྱི་རྒྱབ་དཔུང་ལ་བོད་ནས་འབྲུག་པར་དཔུང་འཇུག་ཐེངས་གཉིས་མཛད་པར་སྔ་མར་ཡང་སྡེ་པ་འབྲོང་རྩེ་བ་སོགས་བཟུང་བཙིར་ཁག་པོས་ཇུས་ལེགས་རང་མ་བྱུང་ནའང་། རྗེས་མ་ཟླ་བ་བཅུ་པའི་ནང་དཔུང་ཤིན་ཏུ་