R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༦
[A:༣༦]བྲང་པ། ཞེས་སོ། ། གཉིས་པ་དེའི་དོན་ཅུང་ཟད་བཤད་པ་ལ། སྤྱི་དོན་དང་གཞུང་དོན་གཉིས་ལས། དང་པོ་ནི། འཇམ་མགོན་ཨ་མེས་ཞབས་ཀྱི་གསུང་རབ་དེ་ཉིད་ན། འཇམ་དབྱངས་ཀུན་དགའ་བདེ་ལེགས་ནས། འཇིག་རྟེན་རྒྱ་ཧོར་གྱི་སྲས་སྐུ་མཆེད་གསུམ་གྱི་བར་ལ་རྣམ་པར་ཐར་པ་ཉུང་ངུ་ལས་མ་གསུངས་པས་ན། དེ་རྣམས་ལ་རྣམ་ཐར་ཅུང་ཟད་རྒྱས་ཙམ་རེ་བརྗོད་ན། དེ་ཡང་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀུན་མཁྱེན་མཁས་པའི་དབང་པོ་བསོད་ནམས་སེང་གེས་འདེབས་པར་མཛད་པའི་དཔལ་ཐུབ་བསྟན་རྣམ་རྒྱལ་གྱི་གདན་རབས་བཅུ་བཞི་པ་ཤར་མདོ་ཁམས་ཀྱི་པཎྜི་ཏ་ཆེན་པོ་ངག་དབང་བསྟན་པའི་རྡོ་རྗེས་མཛད་པའི་རྩེ་གདོང་ཁྲི་ཆེན་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ལས་གསུངས་པ་བཞིན་ལ་ཅུང་ཟད་ཁ་བཀང་སྟེ་འདྲི་བ་ནི། དེ་ཡང་ལྷ་རིགས་འཁོན་ས་སྐྱ་པའི་གདུང་རབས་ལས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ལ་སྲས་བཞི་བྱོན་པའི་ཆུང་བའི་སྲས་སྐུ་མཆེད་གཉིས་ཀྱི་གཅུང་གི་སྲས་འཕགས་པ་སྐུ་མཆེད་བཞིའི་ཆུང་བ་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་སྲས་དུ་མར་བྱོན་པ་བླ་བྲང་ཁག་བཞིར་གྱེས་