R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༧
[A:༣༧]པ་ལས། ཆེ་བ་བཞི་ཐོག་བླ་བྲང་པ་ལ་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པ་ལ་སོགས་པའི་སྐྱེས་ཆེན་དུ་མ་བྱོན། དེ་འོག་བླ་བྲང་རིན་ཆེན་སྒང་པ་ལ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་སོགས་པའི་སྐྱེས་ཆེན་དུ་མ་བྱོན། དེ་འོག་ལྷ་ཁང་བླ་བྲང་པ་ལ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལ་སོགས་པའི་སྐྱེས་ཆེན་དུ་མ་བྱོན་ནོ། ། བླ་བྲང་དེ་གསུམ་གྱི་གདུང་བརྒྱུད་ནི་དིང་སང་མི་བཞུགས་སོ། ། ཆུང་བ་དུས་མཆོད་བླ་བྲང་པ་ལ་རྩེ་གདོང་བླ་བྲང་པ་ཞེས་གྲགས་ཤིང་བླ་ཆེན་བསོད་ནམས་བློ་གྲོས་དང། དབང་རྣམ་སྲས་རྒྱལ་མཚན་ལ་སོགས་པའི་སྐྱེས་ཆེན་དུ་མ་བྱོན། ཁྱད་པར་དུ་བདག་ཆེན་ནམ་མཁའ་བཀྲ་ཤིས་པས་གདུང་སྤེལ་གྱི་གོ་སར་བཞུགས་སྐབས། མདོ་རྒྱུད་རྒྱ་མཚོ་ལྟ་བུའི་མངའ་བདག་པཎ་ཆེན་ཤེས་རབ་རིན་ཆེན་སྟག་ཚང་ལོ་ཙཱ་བར་གྲགས་པ་དང། གནས་ལྔ་རིག་པའི་པཎ་ཆེན་མི་ཉག་གྲགས་པ་རྡོ་རྗེ་རྣམ་པ་གཉིས་ཀྱིས་རྡོ་རྗེ་འཛིན་པ་དུ་མས་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ས་ལུག་ཀྱི་སྒྲུབ་མཆོད་ནར་མ་དང། དགེ་འདུན་དུ་མས་འཇམ་དཔལ་མཚན་བརྗོད་ཀྱི་རྒྱུད་ལ་ཞལ་འདོན་མཛད་པའི་རྒྱུན་