R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༧༣
[A:༣༧༣]ལའང་དེ་བཞིན་འཁོར་བ་དང་། ཕུག་རོན་གཏད་པ་དེ་གདུང་རུས་འབྱོར་ནས་དད་བཞེས་དགོས་པ་དང་། བནྡྷེ་ངམ་ནག་དེ་ཚར་ཆེན་ཉིད་ལ་བེག་ཙེ་འཁོར་ཉམས་ཤིན་ཏུ་ཆེ་བས་སྐུ་གདུང་ཞུ་བ་དེ་ལ་ཡིད་ཕམ་ཚོད་དུ་འདུག་གསུངས། དགུང་ལོ་ང་ལྔ་ལྕགས་ཡོས་ལོར་ཐུག་སྲས་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་དབང་ཕྱུག་ཞལ་སྔ་ནས་དགུངས་གྲངས་བཅུ་བཞི་ཕེབས་པས་ཁྲི་འདོན་གྱི་མཛད་ཚུལ་འོག་འཇམ་དབྱངས་བསོད་ནམས་དབང་ཕྱུག་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་དང་། དེ་སྐབས་རྟ་ཟླའི་ཚེས་གཉིས་ནས་བཅུ་གཅིག་གི་བར་ལ་ཁྲི་སྟོན་ཞུ་མིའི་གྲས་ནས་རྒྱལ་བྱང་གི་ཞབས་དྲུང་བླ་མ་ཁུ་དབོན། ངམ་རིང་། དྭགས་པོ་གྲྭ་ཚང་། གུར་པ་གྲྭ་ཚང་། ཁ་བ་ལྷས། རྒྱས་ཆོས། ཡ་མ་བདེ་ལྡན་སོགས་ཀྱི་བླ་མ་སློབ་དཔོན་གྲྭ་དམངས་ཆོས་འདོད་པ་མང་པོར་ཁྲིད་བརྒྱ་ཆ་ལག་བཅས་སོགས་ལུང་ཁྲིད་རྗེས་གནང་གང་འདོད་རེ་སྐོངས་སུ་སྩལ། ཁྲི་སྟོན་རྗེས་ཉིན་རྗེ་ཉིད་ཡབ་སྲས་ལྷན་ཅིག་ཆོས་ཁྲིར་ཕེབས་ནས་དེ་སྐབས་ཀྱི་མཆོད་སྦྱིན་ནམ་མཁའི་མཛོད་སྒོ་ཕྱེ་བ་ཐམས་ཅད་བསྟན་འགྲོའི་བདེ་སྐྱིད་འཕེལ་ཞིང་། འབྲེལ་ཐོགས་རྣམས་ཀྱི་དགེ་རྩ་རྫོགས་བྱང་དུ་བསྔོ་བར་མཛད། དགུང་ལོ་ང་དྲུག་པ་ཆུ་འབྲུག་ལོར་ཐུགས་སྲས་རིན་པོ་ཆེ་སོགས་དད་འདུས་སྐལ་ལྡན་རྣམས་ལ་སྒྲུབ་བརྒྱ་རྒྱམ་སོགས་དབང་