[A:༣༧༤]ལུང་དུ་མ་གནང་། དར་རྩེ་མདོ་ནས་ས་ཡམ་གཉེར་པ་དཔལ་ཡེ་མཇལ་ཞུ་ཆེད་གཏད་དུ་འབུལ་ཆེན་བཅས་འབྱོར་བར་རྡོ་རྗེ་ཕུར་པ་སྟོད་ལས་ཀྱི་དབང་སོགས་ཆོས་ཀྱི་བདུད་རྩི་རྒྱ་ཆེར་སྩལ་ཞིང་། ལྷ་ཁང་ཆེན་མོའི་ཁྱམས་སྟོད་ཀྱི་གྱང་རིས་རྣམས་གྲུབ་སྟེ་རབ་གནས་སྩལ། ཉང་སྟོད་རྩེ་ཆེན་ནས་བླ་གྲ་ཐམས་ཅད་ཀྱི་ཞུས་ངོར་འཇམ་དབྱངས་བསོད་ནམས་དབང་ཕྱུག་དྲལ་ལྕམ་དང་། མཁན་ཆེན་བསམ་གཏན་རྒྱ་མཚོ་སོགས་འདུས་ཚོགས་མང་པོར་གསང་ཆེན་མཁའ་སྤྱོད་བསྒྲུབ་པའི་མྱུར་ལམ་ཐུན་མོང་མ་ཡིན་པ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་སྔོན་དུ་འགྲོ་བས་བསྐྱེད་རྫོགས་ཀྱི་ཁྲིད་རིམ་རྒྱས་པ་ལམ་གྱི་ཡན་ལག་རྣམས་གསལ་ཞིང་ཁྱེར་བདེ་བར་ཉམས་ཁྲིད་དང་། དེ་དག་གི་རྒྱབ་བརྟེན་ཡིག་ཆ་རྙིང་གསར་དུ་མའི་ལྗགས་ལུང་། བདེ་མཆོག་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པའི་ལུང་བཤད་རྒྱས་པ། གྲུབ་བརྒྱའི་རྗེས་གནང་རྟོགས་བརྗོད་སོགས་གྲུབ་བརྒྱའི་ཆོས་བསྐོར་ཡོངས་རྫོགས། སྦྱོངས་རྒྱུད་ཀྱི་ལུང་བཤད། གཅོད་ཡུལ་གྱི་བྱིན་རླབས་ཁྲིད་ལུང་མཐའ་མཆོད་སོགས་དབང་བཀའ་ཁྲིད་ལུང་བརྗོད་དུ་མི་ལངས་པ་ཞིག་གནང་། འདི་ལོ་བྱང་བདག་ཀུན་དགའ་བསོད་ནམས་གྲགས་པ་ཆེད་ཕེབས་ཀྱི་གཞིས་བྱེས་ཀྱི་ཆོས་ཉན་པ་དུ་མར་གསུང་ངག་རིན་པོ་ཆེ་སྨིན་རྒྱས་སུ་གནང་།