R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༧༥
[A:༣༧༥]དགུང་ལོ་ང་བདུན་པ་ཆུ་སྦྲུལ་ལོར་མདོ་ཁམས་ནས་ཨ་ལི་ཆོས་རྗེ་དཔོན་སློབ་སྟོབས་ཆེན་ཞབས་དྲུང་དུ་འབུལ་ཆེན་དང་ཆོས་སྡེར་མང་འགྱེད་རྒྱ་ཆེན་བསྒྲུབ་པར་འབྱོར་བར་ཆོས་དང་ཟང་ཟིང་གི་རེ་བ་བཀང་། དེ་ལོ་དགུན་གྲོམ་པ་རྒྱང་ནས་མཁན་ཆེན་མང་ཐོས་གྲགས་པ་རྣམ་རྒྱལ་གདན་ས་འདིར་ཆོས་རྗེ་ས་པཎ་ནས་བརྒྱུད་པའི་སྡོམ་རྒྱུན་འཛུགས་པར་བྱོན་དགོས་ཚུལ་གསུངས་པ་ལྟར་བྱོན་སྐབས་བྱང་ནས་བདག་པོ་ཀུན་དགའ་བསོད་ནམས་གྲགས་པ་གཞིས་བྱེས་ཀྱི་དགེ་འདུན་ཉིས་བརྒྱ་ལྷག་ཙམ་སྡོམ་རྒྱུན་དེ་ཉིད་ཀྱིས་བསྙེན་པར་རྫོགས་པར་མཛད། དེ་ལོ་དཔྱིད་ཐོག་ཙམ་ནས་ཕྱག་སོར་ཅུང་ཟད་མ་བདེ་བར། གསུང་ལས་འདི་བསམ་ཡས་ཆོས་སྐྱོང་ཆེན་པོས་ངེད་མཽངྒལ་གྱི་བུའི་སྐྱེ་བ་ཡིན་ཟེར་བ་ལྟར་སྔོན་ཚེ་རབས་གཞན་ཞིག་ན་རང་གི་ཕ་མ་གཉིས་ཉིན་མོ་དགའ་མགུར་སྤྱད་པ་ལ་མ་དད་ནས་ཡན་ལག་འདམ་བུ་ལྟར་གཞོམ་པར་བྱ་བ་ཁྱོད་གཉིས་ལྟ་བུའི་ཕ་མ་དང་མི་འཕྲད་པར་གྱུར་ཅིག་ཅེས་བྱས་པའི་འབྲས་བུ་ཚེ་རབས་ཐམས་ཅད་དུ་མྱོང་བའི་ལས་ཀྱི་ལྷག་མ་ཡིན་པར་སྣང་ཞེས་གསུངས། སྟོན་ཀ་ཐུབ་པ་འོད་ཟེར་འགྱེད་དང་ལུང་བསྟན་སྒྲོལ་མ་སོགས་རྟེན་མཆོག་ཁྱད་པར་ཅན་གསར་རྙིང་སྒེར་བཏུས་ཀྱིས་གཙུག་ལག་ཁང་ཞིག་གྲུབ་ན་དགོངས་པར་གཞན་ཚོས་འདི་ལོ་ཁང་ལས་མི་རུང་བའི་རྒྱུ་མཚན་དུ་མས་བཤོལ་བཏབ་