[A:༣༧༦]སྐབས་མནལ་ལམ་དུ་མི་ཞིག་གི་གསེར་གྱི་ཟ་མ་ཏོག་མཛེས་ཤིང་འོད་འབར་བ་ཞིག་ཕུལ་ནས། འདི་སངས་རྒྱས་ཀྱི་འཕེལ་གདུང་བཞུག་ས་པའི་གཙང་ཁང་མཛད་དུ་གསོལ་ཞུ་བ་ཞིག་བྱུང་བས་གཙུག་ལག་ཁང་མཐར་ཕྱིན་འགྲུབ་པར་མཁྱེན་ཏེ་དེ་འཕྲལ་བླ་མ་ལྷ་ཁང་དང་མགོན་ཁང་ཁྱད་འཕགས་གཉིས་བཞེངས་པའི་མགོ་བཙུགས།
ལོ་རྗེས་མ་དགུང་ལོ་ང་བརྒྱད་པ་ཤིང་རྟ་ལོའི་དབྱར་ཀ་རྟེན་དང་བརྟེན་པ་ངོ་མཚར་ཅན་འདི་ཉིད་གྲུབ་ནས་རབ་གནས་རྒྱས་པར་གནང་། འདི་ལོ་འབྲས་སྤུངས་ནས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོད་ཡོན་གཞིས་ཀ་རྩེར་ཕེབས་པར། རྗེ་ཉིད་ནས་བསྟན་པ་སྤྱིར་སྒེར་གྱི་ལ་རྒྱར་དགོངས་ཏེ་བསམ་འགྲུབ་རྩེར་ཕེབས། རྒྱལ་པོ་ཆོས་ཡོན་སོ་སོ་ནས་ཕེབས་བསུ་དང་ཞབས་ཏོག་ཕུལ་ཕྱིན་མཛད། རྗེ་ཉིད་ནས་ཀྱང་མཆོད་ཡོན་སོ་སོར་གནང་སྐྱེས་རྒྱ་དཔངས་ཆེ་བར་སྩལ་ནས་མཇལ་ཕྲད་ཀྱི་ཚེ་ཕན་ཚུན་ཐུགས་སྣང་དག་པའི་བག་ཕེབས་ཀྱི་གསུང་གླེང་དང་། ཁྱད་པར་རྒྱལ་དབང་མཆོག་དང་མདོ་སྔགས་ཆོས་ཀྱི་འབེལ་གཏམ་མཛད་པས་ཐུགས་ཕྲོགས་ཏེ་རྗེ་འདི་ཉིད་ལ་བསྔགས་བརྗོད་ཅི་ཡང་མཛད་པ་ནི་རྒྱལ་མཆོག་དེ་ཉིད་ཀྱི་རྣམ་ཐར་སོགས་གསུང་རབ་ན་གསལ། དེ་སྐབས་ཕྱོགས་དུས་ཀྱི་སླ་དཔོན་སེར་སྐྱ་ཤིན་ཏུ་མང་