R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༧༧
[A:༣༧༧]པོར་ཇི་ལྟར་གསོལ་བའི་འདོད་ཆོས་རེ་སྐོང་དུ་བསྩལ། འབུལ་བ་ཡང་བསམ་གྱིས་མི་ཁྱབ་པ་བྱུང་། རིམ་གྱིས་བར་རྣམས་སུ་ཆོས་སྦྱིན་བསྩོལ་བཞིན་པས་ཌ་ཌི་མགོན་ཁང་དུ་ཕེབས། གསུང་བསྐང་འཕྲིན་བཅོལ་རྒྱས་པར་གནང་། དེ་ནས་གདན་སར་ཕེབས། དགུང་ལོ་ང་དགུ་པ་དང་དྲུག་ཅུ་པ་གཉིས་ལ། སྔ་ཕྱིར་བྱང་ནས་བདག་པོ་ཀུན་དགའ་བསོད་ནམས་གྲགས་པ། སླེ་ལུང་མཁན་པོ། ངོར་གྱི་ཟུར་འཆད་པ་ཆོས་རྗེ་བསོད་ནམས་རྒྱ་མཆོ། ལྷ་ཁང་མཁན་ཆེ་བསམ་གཏན་རྒྱ་མཆོ། ཟངས་ལྡན་བླ་མ་བྱམས་པ་ངག་དབང་རྣམ་རྒྱལ། རྒྱལ་རྩེ་བླ་མ་རིན་ཆེན་བྱམ་པ་རྒྱལ་མཚན་སོགས་ལ་རྒྱུད་སྡེ་དུ་མ་ཞིག་གི་དབང་ཁྲིད་མན་ངག་རྗེས་གནང་བཤད་ལུང་སོགས་བསམ་གྱིས་མི་ཁྱབ་ཞིག་སྩལ་བ་འདིར་བརྗོད་དུ་མ་ལང་། མེ་སྤྲེ་ལར་ཁམས་དར་རྩེ་མདོ་ནས་མི་འཕྲོག་པའི་དད་ལྡན་བསྟན་པའི་སྦྱིན་བདག་མོ་ས་ཡང་མོ་རྩེ་ཨོ་རྒྱན་འཚོ་མོ་མ་བུ་གསུམ་གཡོག་འཁོར་སྟོབས་ཆེན་བཅས་འབྱོར་ནས། གདན་ས་གཞུང་དུ་དར་གོས་ཇ་སོགས་འབུལ་བ་སྤོམ་མཐོ་བ་དང་། ལྷ་ཁང་ཆེན་མོས་གཙོས་པའི་གཙུག་ལག་ཁང་སོ་སོར་མཆོད་པའི་ཡོ་བྱད་རྒྱ་ཆེན། འདུས་ཚོགས་ལ་མང་ཇ་གྲལ་འགྱེད་སོགས་ཕལ་པའི་བློས་མི་འཁྱུད་