R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༧༨
[A:༣༧༨]པའི་བསྙེན་བཀུར་བྱུང་བར། བཀའ་གདམས་ལྷ་བཞིའི་རྗེས་གནང་ཁྲིད། ཇོ་བོའི་ཆོས་འབྱུང་བརྒྱ་རྩ། བློ་སྦྱོངས་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཀའ་དཔག་ཏུ་མེད་པས་རྗེས་འཛིན་དང་དཔོན་གཡོག་ཚང་མར་ཟང་ཟིང་གི་གནང་སྩལ་རྒྱ་ཆེན་པོས་ཀྱང་ཡིད་སྤྲོ་བར་མཛད་དོ། །སྐབས་ཤིག་ཐུབ་སྟན་ནས་གྲྭ་སྐོར་བ་བྱམས་ཆོས་པ་ཀུན་དགའ་བསོད་ནམས་གྲྭ་སྐོར་གྲུབ་ནས་འགྲོ་གྲབས་ལ་བཤོལ་ནས་ཆོས་ཞུ་བ་འགའ་དང་ལྷན་ཅིག་དབང་ལུང་ཁྲིད་བཤད་རྒྱུན་རིང་གནང་གྲུབ་ནས། བྱམས་ཆོས་པ་ལ་འོ་ཁ་སིང་ནས་སྡོད་ཟེར་བ་ཡང་ཁྱོད་བསྟན་པ་ལ་ཕན་པ་ཞིག་ཨེ་ཡོང་བསམ་པ་ཡིན། གཞོན་པ་ཚོས་ཀྱང་བསྟན་པ་སྤྱི་དང་བྱེ་བྲག་ཀུན་མཁྱེན་ཆེན་པོའི་བསྟན་པ་ལ་བསམ་ནས་བཤད་སྒྲུབ་དང་འཆད་ཉན་སོགས་ལ་བརྩོན་པར་བྱ་དགོས་སོགས་ཕེབས་སྒོ་ཅི་མང་ཞིག་སྩལ་བར་མཛད་པ། དེ་དུས་བྱམས་ཆོས་པ་འཆད་ཉན་ཀྱི་གོ་ས་མེད་ཀྱང་། ཕྱིས་སུ་སྲིད་གསུམ་རྣམ་རྒྱལ་གྱི་སློབ་དཔོན་དང་། ཐུབ་བསྟན་རྣམ་རྒྱལ་གྱི་ཁམས་པ་གྲྭ་ཚང་གི་སློབ་དཔོན་བསྟན་པ་ལ་ཕན་སླེབས་ཅན་བྱུང་བ་ཡང་འབྱུང་འགྲུར་ལུང་བསྟན་དུ་གསལ་ལོ། །གཞན་ཡང་སྣོད་ལྡན་རགས་བསྡུས་ཤིག་ལ་ཆིག་བརྒྱུད་ཀྱི་ཚུལ་དུ་རྗེ་ཚར་པའི་ཧ་ལ་ནག་པོའི་བེ་བུམ་ཁ་བསྐོང་དང་བཅས་པ་སྩལ།