R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༤
[A:༣༨༤]ཟིན་ནའང་། ས་སྐྱ་པས་བོད་དམག་ཐུགས་བློས་མ་མཐོང་བས་ངེད་ཀྱི་རྫོང་རྩ་འདིར་དབུ་གདུགས་སྐྱ་ལིང་ངེ་ཡང་ཡང་ཕབས་པ་འདི་ཤིན་དུ་བག་ཚ་བའི་བཀའ་གནང་དང་ལེན་གྱིས་བོད་དམག་ཀ་ཆ་དང་བཅས་པ་སྐྱ་པའི་སྐུ་ངོར་འབུལ་བ་ཡིན་ཟེར། དེ་ནས་ཀྱང་རྗེ་ཉིད་ནས་བཀའ་ནན་མཐའ་བཙན་པས་ལྷོ་བོད་ལོ་ལྷའི་འཆིང་འདོམས་མཛད་པས་ལྷོ་བོད་ཀྱི་འགྲོ་བ་མཐའ་དག་ཐར་ལམ་ལ་བཀོད་པ་ལྟར་དབུགས་ཕྱིན་ཏེ་རྗེ་ཉིད་ཀྱི་ཕྱོགས་སུ་ཕྱག་འཚལ་བསྐོར་བ་གསོལ་འདེབས་བྱེད་པ་དུ་མ་བྱུང་ངོ་། །ཕྱིས་ཀྱང་རྒྱུན་རིང་པོའི་བར། སྤྲེ་མོ་ལ་མོ་དེ་ལྕགས་ཀྱི་སྒོ་ལྕགས་རང་ཡིན་པ། སྒོ་ལྕགས་བྱེད་མཁན་དེ་བླ་མ་ས་སྐྱ་པ་ཡིན་པ། ཞེས་འུར་འདོན་དུ་གླུ་ལེན་པ་བྱུང་ཞིང་། འབྲུག་པ་ནས་ཀྱང་རྫོང་དཔོན་རིགས་དང་སྦྱིན་བདག་རྣམས་ནས་བར་འཆིང་གྲུབ་པའི་ལེགས་འབུལ་བསམ་གྱིས་མི་ཁྱབ་པ་འབུལ། དེ་ནས་ཟླ་བ་དྲུག་པའི་ཆེས་དྲུག་ལ་སྤ་གྲོ་ནས་གདན་བཏེག་པས། བོད་དམག་གི་ཁ་ལོ་པ་རྣམས་ནས་དམག་དཔུང་མ་རྫོགས་བར་དུ་བཞུགས་དགོས་ཞུས་པ་ལྟར། བོད་དམག་དུད་འགྲོ་ཙམ་ལ་ཡང་གནོད་པ་མེད་པར་བདེ་བར་ཕྱིན་རྗེས་རྗེ་ཉིད་དཔོན་སློབ་རྣམས་ཀྱང་ཕེབས། དེ་སྐབས་གསུང་ལས། ད་ལམ་ལྷོ་བོད་ཀྱི་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་བྱུང་བ་འདིར་ཁོ་བོ་ལ་ནུས་པ་དེ་ལྟ་བུ་མེད་ཀྱང་།