R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༨༥
[A:༣༨༥]བླ་མ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་ཆོས་སྐྱོང་གི་ནུས་མཐུར་སྣང་། ངེད་ཕར་ཚུར་འགྲོ་ཕྱོགས་ལ་གཟིགས་ནས་ཆོས་སྐྱོང་རྣམས་ཀྱང་མཉམ་དུ་འབྱོན་པའི་རྨི་ལམ་རྒྱུན་ཆགས་སུ་ཡོང་གི་འདུག་ཅེས་གསུངས། དབྱིངས་ས་ཕྱག་མཛོད་ཆེན་མོ་ནས་ཀྱང་བང་ཕྱིན་འབུལ་བ་བཅས་པའི་ཞུ་ཡིག་ཏུ། ད་ལམ་འགྲོ་ཕན་ལ་ཐུགས་འགན་ཚད་མེད་པ་བཞེས་ནས་ཆིངས་འདུམ་དོན་འཁྱོལ་བྱུང་བ་སྐུ་དྲིན་ཤིན་ཏུ་ཆེ་བས་ངོས་ནས་མཇལ་ཐུབ་ཞིག་དགོས་ཀྱང་བྲེལ་བས་མ་གྲུབ་སོང་བས། སླར་དབུས་ཕྱོགས་སུ་མཇལ་འདུག་ཐོག་ཞིབ་རྒྱས་ཕུལ་ཆོག་པ་ཞུས། དེ་ནས་རིམ་པས་བྱ་སྤེར་ཕེབས་ཉིན་ཐུགས་སྲས་འཇམ་པའི་དབྱངས་སྐུ་འཁོོར་ཆབ་འབངས་བཅས་ཕེབས་བསུར་བྱོན། ཕྱིར་ཉིན་གདན་ས་ནས་ཕེབས་བསུའི་བཀོད་པ་རྒྱས་པ་དང་བཅས་ཕེབས་ནས། ཆོས་སྡེ་དག་ལ་འབྲས་འཇམ་མང་འགྱེད་སོགས་རྒྱ་ཆེར་གནང་། སྟོན་མཇུག་ཏུ་ཡར་ལུང་ནས་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན་སོགས་ལ་ཟབ་རྒྱས་ཀྱི་ཆོས་འཁོར་བར་མ་ཆད་དུ་སྐོར། སྔར་དུས་མཁན་ཆེན་ངག་དབང་ཆོས་གྲགས་ལ་སྐུ་ཚེ་བརྟག་པར་ཞུས་པས་དྲུག་ཅུ་རྒལ་ནས་རེ་གཅིག་པར་སྐུ་རིམ་སྐྱིད་སྟོན་སོགས་དགོས་ཚུལ་ལྟར་འདི་ལོ་ཕྱག་ལེན་དུ་ཐེབ་པར་མཛད།