[A:༣༩༠]བླ་མ་ཟེར་བ་དབྱིངས་ས་ནས་དགོངས་ཕོག་གི་རྐྱེན་གྱིས་སྟག་རྩེའི་ཕྱོགས་སུ་ཤི་བ་དམོད་པ་ལོག་པའི་མཐུས་འབྱུང་པོ་སྟོབས་ཆེན་གདུག་པ་ཅན་ཞིག་ཏུ་གྱུར་པས་གཙོས་ཤི་འདྲེ་མང་པོས་དེ་ཕྱོགས་ལ་ཤིན་ཏུ་གནོད་པས་གནས་སྤོར་བ་ཞུས་པ་བཞིན་གསུང་ཆོག་གནང་ནས་བྱང་བུ་ཞུས་ཚེ་ཤ་ཆེན་གྱི་དྲི་བྲོ་བ་དང་བཅས་ཤི་འདྲེ་རྣམས་མཐོ་རིས་སུ་བཀོད་པས་ཆོས་སྐྱོང་ཆེན་པོས་ཀྱང་སྟག་རྩེ་ཕྱོགས་ཀྱི་འབྱུང་པོ་དེ་རྣམས་དགེ་བཤེས་ཀྱི་གནས་སྤར་སོང་བས་ད་ཕྱིན་ལྷ་རྟེན་རྣམས་ཤིག་མཆོད་ཡར་སོགས་དགོས་པ་མེད་ཅེས་ཁྲོམ་བསྒྲགས་སུ་གསུངས། དེ་ཕྱིན་ཆད་འབྱུང་པོ་དེ་རིགས་མིང་ཡང་མི་གྲགས་པར་གྱུར། བསམ་ཡས་རབ་བྱུང་ཆོས་སྡེའི་གྲྭ་པ་དང་ཕྱོགས་ཀྱི་དོན་གཉེར་དུ་མར་ཀྱཻ་རྡོར་རྒྱུ་དབང་གི་གཙོས་པའི་དབང་ལུང་རྒྱུན་རིང་བ་དང་ཁྲོམ་ཚོགས་ཁྲི་ཕྲག་དུ་མར་ཚེ་དབང་ཁྲོམ་ཆོས་སུ་སྩལ། དབུ་རྩེ་ཆེན་མོར་རབ་གནས་རྒྱས་པ་དང་། གླིང་བཞི་གླིང་ཕྲན་ཉམས་གསོ་གྲུབ་པ་རྣམས་ལ་ཕྱག་ནས་སྨིན་རྒྱས་མཛད།
དབོ་ཟླའི་ཉེར་དགུའི་སྔ་ཆར་ཆིབས་བསྒྱུར་རྣམ་སྲས་གླིང་དུ་ཕེབས་ཏེ་སྲས་ཡུམ་ལ་རྗེས་གནང་དང་ལུང་མཚན་འགའ་ཞིག་སྩལ། དེ་ནས་བྱེ་རྫིང་། གྲ་ཐང་། བྱམས་པ་གླིང་། རྒྱ་གླིང་། དོལ། ར་བ་སྨད། དྭགས་པོ་གྲྭ་ཚང་། གོང་དཀར་རྣམས་སོ་