R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩༡
[A:༣༩༡]སོ་ནས་སེར་ཕྲེང་གི་ཕེབས་བསུ་གཟབ་བསྟར་ཁོ་ནས་གདན་དྲངས་པ་བཞིན་ཕེབས་ནས་མང་འགྱེད་དང་བཀའ་ཆོས་ཀྱིས་ཚིམ་པར་མཛད། ཁྱད་པར་རྡོ་རྗེ་གདན་དུ་ཞག་བཅུ་གསུམ་བཞུགས་པའི་རིང་ལ་ཆོས་རྗེ་བཀའ་འགྱུར་བ་བསོད་ནམས་མཆོག་ལྡན་གྱིས་དབུས་དད་འདུས་རྣམས་ལ་ཡི་དམ་ཆོས་སྲུང་གི་དབང་བཀའ་བྱིན་རླབས་དཔག་ཏུ་མེད་པ་དང་། ཆོས་སྡེར་མང་ཇ་བཅུ་གསུམ། དམ་རྫས། གསེར་འགྱེད་སོགས་ཕུན་སུམ་ཚོགས་བ་གནང་། དེ་ནས་ཆོས་རྗེ་བཀའ་འགྱུར་བ་སོགས་ཀྱིས་གམ་པ་བྱང་ཐང་བར་ཕེབས་སྐྱེལ་ཞུས་པར། རྗེ་ཉིད་ནས་བཀའ་འགྱུར་བ་ལ། ད་འདི་ཁ་ནས་ལོག་ཕེབས། སླར་དག་པའི་ཞིང་དུ་མཉམ་དུ་འགྲོ འོན་ཀྱང་རང་རེ་གཉིས་ཟླ་གཅིག་ཙམ་གྱིས་སྔ་ཕྱི་འོང་ངམ་གསུངས་པ་དང་སྔར་བརྟན་བཞུགས་ཕུལ་དུས་ཀྱི་གསུང་གཉིས་མཚུངས་པར་ཕྱིས་རྗེ་བཀའ་འགྱུར་བ་ཞི་བར་གཤེགས་རྗེས་ཞག་ཉེར་དྲུག་ནས་རྗེ་འདི་ཉིད་ཞིང་ཁམས་བརྗེས་པ་ཡིན་འདུག་ཅིང་། ཕེབས་ལམ་ཏུ་སྟག་ཁུ་སྤེའི་བླ་གྲྭ་མཇལ་བར་སླེབས་པར་ཆོས་བཀའ་དང་མང་འགྱེད་གནང་། སྐྱེད་ཚལ་དུ་སེར་ཕྲེང་བཅས་སྤྱན་དྲངས་པ་བཞིན་མང་ཇ་ལྔ་དང་འགྱེད་སྟོབས་ཆེན་གནང་། དཔལ་དེ་དང་སྣ་དཀར་རྩེར་འདོད་ཆོས་སྩལ་ཞིང་འབུལ་ནོད་ཀྱང་རྒྱ་ཆེར་བྱུང་། རིན་སྤུངས་སུ་སྐྱེད་ཚལ་གོང་མའི་བླ་གྲྭ་འགའ་ཞིག་འབྱོར་བར་ཆོས་