R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༩༧
[A:༣༩༧]པ་མཆོག་གི་གོ་འཕང་མངོན་དུ་མཛད་ནའང་གདུལ་བྱ་དད་གུས་སྣོད་དང་ལྡན་པ་པ་རྣམས་སྤྲོ་བ་སྐྱེད་པའི་ཆེད་དང་། ལོག་ལྟ་ཅན་རྣམས་ཡང་དག་པའི་ལམ་དུ་བཀྲི་བའི་དོན་དང་། ཐེ་ཚོམ་ཅན་རྣམས་ངེས་ཤེས་བསྐྱེད་པའི་དགོས་པ་ཁྱད་པར་ཅན་དེ་དག་གི་སྐབས་སུ་མཚོན་བསྟན་ནི་རྟོགས་བརྗོད་ཆེན་མོར་གསལ་ཞིང་། ཤིན་ཏུ་གསང་བའི་གཟིགས་སྣང་གི་སྐོར་འགའ་ཞིག་ནི་དེར་ཡང་བཀོད་དུ་རུང་བར་མ་གནང་ཞིང་། དེ་མིན་རྒྱུན་གྱི་ཀུན་སྤྱོད་གང་ཟག་དཀྱུས་མའི་ལུགས་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་མངོན་འགྱུར་ག་འདྲ་ཞིག་ཡིན་ཀྱང་གནས་དུས་སྐལ་བ་གཞན་ལ་ཞལ་གཡར་བའི་ཁོ་བོ་ལ་དེ་འདྲ་ག་ལ་ཡོད་གསུང་ནས་སྦས་ཚུལ་ཁོ་ན་གནང་ངོ་། ། དེ་ལྟར་གསན་བསམ་ཉམས་བཞེས་ཀྱིས་གཏན་ལ་ཕབ་པའི་ཆོས་ཚུལ་དེ་དག་ཀྱང་རྒྱལ་བསྟན་རིན་པོ་ཆེའི་རྒྱུན་ལ་དགོངས་ཏེ་གཞིས་བྱེད་ཐམས་ཅད་དུ་སྐུ་ཚེགས་ལ་མ་ལྟོས་པར་ཆོས་ཀྱི་འཁོར་ལོ་བར་མ་ཆད་དུ་བསྐོར་བར་མཛད་པས་འཆད་ཉན་བསྟན་འགྲོར་སྨན་པའི་ཞལ་སློབ་རགས་པར་ཡང་རིགས་སྲས་འཇམ་པའི་དབྱངས་བསོད་ནམས་དབང་ཕྱུག རྩེ་གདོང་བདག་ཆེན་བྱམས་པ་བསོད་ནམས་རྒྱལ་མཚན། བདག་ཆེན་ངག་དབང་ལྷུན་གྲུབ་མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཀུན་དགའ་དོན་གྲུབ།