[A:༤༠༢]པའི་གཏིང་ལོན་པའི་སྔོན་མེད་པའི་ལེགས་གསུང་ཁོ་ན་བཞུགས་པ་དང་། ཙུག་ལག་ཁང་གསར་བཞེངས་ཀྱང་། ལི་མ་ལྷ་ཁང་། རྒྱ་ནག་ལྷ་ཁང་། ཕྱག་དཔེ་ལྷ་ཁང་ཆེན་མོ། བླ་མ་ལྷ་ཁང་། མགོན་ཁང་ཁྱད་འཕགས། ཉིས་ཐོག་ལྷ་ཁང་། མགོན་ཁང་སྲིད་གསུམ་ཟིལ་གནོན་རྣམས་དང་། བདེ་མཆོག་ཕོ་བྲང་། འབུམ་ཐང་། འཕགས་པ་རིན་པོ་ཆེའི་ཕྱི་རྟེན་ལྷ་ཁང་། བཙུན་མོ་ལྕོག་སོགས་དུ་མ་རྟེན་དང་བརྟེན་པ་ཞིག་གསོས་རྨང་ནས་སླང་བ་དང་། ལྷོ་བྱང་གི་གཙུག་ལག་ཁང་དུ་མའི་ཤིང་རྩི་ལྡེབས་རིས་ཉམས་གསོ་གསར་བཀོད་གནང་བ་ནི་བརྗོད་དུ་མ་ལངས། རྟེན་གསུམ་ཡང་གསེར་ཟངས་ཀྱི་འོད་དཔག་མེད་ཁྱད་འཕགས། ས་ཆེན་གྱི་གསེར་སྐུ་བཟོ་བཀོད་ཕུན་སུམ་ཚོགས་པ། དངུལ་གདུང་མཆོད་རྟེན་རྒྱུ་བཀོད་གྱ་ནོམ་པ་ཐོག་ཚད་ཕྱེད་གཉིས་ཅན་དང་ཐོག་ཚད་ཅན་བརྒྱད། རྒྱལ་བ་མུས་པ་ཆེན་པོའི་སྐུ་ཚབ་དངུལ་སྐུ་ཁྱད་མཚར། འཇམ་མགོན་བསོད་ནམས་དབང་པོའི་སྐུ་བརྙན་ཆེ་ཆུང་གཉིས། ལམ་འབྲས་བླ་བརྒྱུད་ཀྱི་ཁ་སྐོང་མང་པོ་རྣམས་གསེར་ཟངས་དང་། བྱིན་རྟེན་དང་སྨན་འདམ་ལས་གྲུབ་པའིསྐུ་བརྙན་ཤིན་ཏུ་མང་པོ། བྲིས་སྐུ་གཙོ་བསྡུས་ཆེན་མོ་ཞལ་ཐང་བཅུ་བདུན་སྲིད་ན་འགྲན་ཟླ་དང་བྲལ་བ། རྡོ་རྗེ་འཕྲེང་བ་སོགས་ཀྱི་དཀྱིལ་ཐང་ཐོག་ཚད་ཉི་ཤུ་རྩ་གཅིག སྔགས་ཐང་གྲས་ཚར་ཉི་ཤུ་རྩ་བདུན། སློབ་དཔོན་