[A:༤༠༣]པདྨའི་རྣམ་ཐར་སོགས་ཁ་ཐོར་བ་བགྲང་བར་དཀའ་བ་རྣམས་སྐུ་ཚེའི་རིང་ལ་རི་མོ་མཁན་ལྔ་རེ་ལས་མི་ཉུང་བའི་རྒྱུན་བྲིས་དང་། བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རིགས་གྲངས་མང་དུས་བཞི་འཁོར་ཡུག་ཏུ་ཡིག་མཁན་མང་པོར་འབྲིི་མཇུག་པར་མཛད་པ་སོགས་རྟེན་གསུམ་སོ་སོའི་དཀར་ཆག་ཏུ་གསལ་བ་ལྟར་ཡིན་ཞིང་། ནད་མཚོན་མུ་གེ་སོགས་སེམས་ཅན་ལ་སྡུག་བསྔལ་བའི་རྒྱུ་ཕྲ་མོ་ཙམ་བྱུར་ནའང་བཟོད་དུ་མེད་པའི་ཐུགས་རྗེའི་ཤུགས་ཀྱིས་རྟེན་མཆོག་རྣམས་ལ་ཕན་བདེ་འབྱུང་བའི་ཐུགས་སྨོན་ཕུར་ཚུགས་དང་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་འཕྲིན་བཅོལ་མཛད་ཅིང་། ཕྱོགས་གཞན་དུ་ཕེབས་དགོས་ཀྱི་རིགས་རྣམས་ལ་ལམ་རིང་འགྲོ་དཀའ་ཇི་ལྟ་བུ་ཞིག་ཡིན་ཀྱང་སྐུ་ཚེགས་ལ་ཇི་མི་སྙམ་པར་ཕེབས་པ་དང་། མཐའ་འཁོབ་ཀྱི་འགྲོ་བ་འགའ་དང་འགའ་ལ་ཡིག་དྲུག་སྒྲོག་པ་དང་། སྲོག་གཅོད་སྤོང་བའི་དམ་བཅའ་བཞེས་པ་སོགས་སྒོ་དུ་མ་ནས་ལུས་ཅན་རྣམས་ལ་ཐར་པའི་ས་བོན་ཅི་ཡང་སྨིན་པར་མཛད་པའི་ས་གནས་འཕགས་ཆེན་དམ་པའི་རྣམ་ཐར་བྱིས་བློའི་ཡུལ་ལས་འདས་པ་མངོན་པར་གསལ་བ་དང་། སྐུ་ཚེ་འདིར་རང་གཞན་རིས་མེད་ཀྱི་སྐྱེ་བོ་ཁྲི་ཕྲག་དུ་མར་སྦྱིན་གཏོང་ཆེན་པོ་བསམ་གྱིས་མི་ཁྱབ་པ་སྩལ་བ་སོགས་མཛད་པའི་ཆ་ཤས་རེ་རེ་ཡང་བསྐལ་པའི་བར་དུ་བརྗོད་ཀྱིས་མི་ལངས་པ་ཞིག་གིས་བསྟན་པ་དང་སེམས་ཅན་