[A:༤༠༩]སྡེ་རིན་པོ་ཆེ་ནས་གསུངས་པའི་འདའ་ཁ་མའི་རྣལ་འབྱོར་གསལ་འདེབས་པར་མཛད་དེ་ཧིཀ་ཆེ་བ་གཉིས་དང་། ཆུང་ངུ་གཅིག་གནང་སྟེ་གཟུགས་སྐུའི་བཀོད་པ་དོན་དམ་འཕོ་འགྱུར་མེད་པའི་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པའི་ཚུལ་བསྟན་ནོ། །
དེ་ནས་རེ་ཞིག་གི་བར་དུ་ནམ་མཁའ་གཡའ་དག་པ་ལ་གདུགས་དང་རྒྱལ་མཚན་བ་དན་སོགས་ཀྱི་རྣམ་པའི་འཇའ་ཚོན་གྱིས་ཁྱབ་པ་དང་། བསེར་བུ་ངད་འཇམ་ཞིང་སྔར་ཚོར་མ་མྱོང་བའི་དྲི་བཟང་པོ་འཐུལ་བ་དང་། སྐབས་སུ་ནམ་མཁའ་ནས་རོལ་མོའི་སྒྲ་འབྱིན་པ་དང་། ཉིན་བྱེད་ཀྱང་ལྷག་པར་གསལ་ལ་དྲོ་བ་སོགས་སྣོད་བཅུད་ལ་བྱིན་ཆགས་པ་བྱུང་བ་ལ། དེ་སྐབས་གཙང་དབུས་ཟིང་ལོང་གི་སྐབས་ཡིན་པས་རེ་ཞིག་གསང་རྒྱ་བྱས་ཀྱང་དཔྱོད་ལྡན་མང་པོས་སྣོད་བཅུད་འབྱུང་བའི་རྟགས་ཡ་མཚན་པ་དེ་རིགས་ལ་དཔགས་ནས་གཤེགས་པར་ཤེས་པ་ཡང་བྱུང་།
ཚེས་བཅུ་གཉིས་ཀྱི་ཐོ་རེངས་ཀྱི་ཚར་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ་དབུའི་གཙུག་གཏོར་སོར་གང་ཙམ་འཕགས་ཤིང་བྱང་སེམས་ཀྱི་ཟིལ་པ་ཁྲོམ་མེ་བ་དང་བཅས་དཔའ་བོ་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་སྐུ་མདུན་ནས་བསུས་ཏེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་དེ་བཞིན་