[A:༤༡༠]གཤེགས་པ་དྲི་མ་མེད་པའི་དྲུང་དུ་གཤེགས་སོ། །
དེ་སྐབས་བཞི་ཐོག་བླ་བྲང་གི་ཤར་གྱི་མི་མང་གི་ཁྲོད་དུ་བུ་ཆུང་ལོ་བཞི་ལོན་པ་ཞིག་གིས་ཐོག་མར་བཞི་ཐོག་གི་སྟེང་ནས་རིམ་པས་ཤར་ཕྱོགས་ཀྱི་ནམ་མཁར་འཛུབ་མོ་ཀེར་ནས་ཡ་གི་ན་ཀོ་བཀྲོལ་ལ་མང་པོ་གནམ་ལ་སོང་། གོང་བཞུགས་ཀྱང་ཕེབས་སོང་ཟེར་བ་དེ་རང་ལས་སྒྲིབ་སྲབ་པས་རྗེ་དེ་ཉིད་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་ཌཱ་མ་རུའི་སྒྲ་དང་བཅས་སྤྱན་དྲངས་པ་མཐོང་བ་ཡིན་འདུག དེ་ནས་སྐུ་གདུང་རིན་པོ་ཆེ་ཆས་ཞུགས་དང་བཅས་གདུང་སྒྲོམ་དུ་བསྩལ་ནས་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་བཅས་འཇམ་པའི་དབྱངས་བསོད་ནམས་དབང་ཕྱུག་ཞབས་དཔོན་སློབ་རྣམས་ཀྱིས་བླ་མཆོད་རྒྱུན་རིང་དང། གཞན་ཡང་རྡོ་རྗེ་འཛིན་པ་དུ་མ་འདུས་ཚོགས་དང་བཅས་པའི་ཟླ་ངོ་ལྔའི་རིང་ལ་སྒྲུབ་མཆོད་དང་གསོལ་འདེབས་མཆོད་འབུལ་སྦྱིན་གཏོང་ནར་མར་བསྒྲུབས་པའི་ཞིང་དང་སྦྱོར་བ་དངོས་པོའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་འདིར་བཀོད་དུ་མ་ལངས་པས་རགས་རིམ་ཙམ་ཞིག་རྗེ་འདིའི་རྣམ་ཐར་ཁ་སྐོང་དད་པའི་ཆུ་རྒྱུན་དུ་གསལ་བ་ལྟར་རོ། །
དེ་ནས་ནག་ཟླའི་བཅུ་གཉིས་ཉིན་སྐུ་གདུང་རིན་པོ་ཆེར་ཞུགས་ཆོག་ཕུལ་བར། སྔོན་གྱི་གསུང་བཞིན་མེ་ཏོག་གི་ཆར་ཁ་