R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༠༨
[A:༤༠༨]པར་གཏོར་བསྔོས་ཀྱི་བར་སྔར་ལྟར་རྒྱས་པར་གནང་རྗེས་གཏོར་མ་འབུལ་གྲབས་ཀྱིས་གསུངས་པ་དང་ལྷན་ཅིག གཏོར་མ་ལ་ཕྱག་མཛུབ་གཏད་ནས་བདེ་ཀྱཻ་གསང་གསུམ་ལ་སོགས་པའི་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འདིས་མཚོན་པའི་དུས་གསུམ་བསགས་པའི་དགེ་བའི་དངོས་པོ་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་གྱུར་ནས་བསྐལ་པ་ཇི་སྲིད་གནས་ཀྱི་བར་དུ་འབུལ་བར་བགྱིའོ་གསུངས་ནས་སྨོན་ལམ་དང་འཕྲིན་བཅོལ་མང་ཞིག་གནང་། དེ་རྗེས་སྒྲོལ་མའི་མཚན་བརྒྱ་ཞལ་འདོན་གནང་བཞིན་པའི་མུར་ཚོགས་ཆེན་གྱེས་སོང་ངམ་གསུངས། ཅུང་མ་གྱེས་ཞུས་པས་དེ་མུས་སུ་བཞུགས། དེ་ནས་ཚོགས་ཆེན་གྲོལ་བའི་བཀྲ་ཤིས་ཀྱི་མཇུག་གི་ཀི་སྒྲ་གསན་འཕྲལ་ད་གྲོལ་བ་ཡིན་འདུག་ཐུགས་དགྱེས་ཉམས་ཆེན་པོ་དང་བཅས་གདུལ་བྱ་རྟག་འཛིན་གྱི་བློ་ཅན་རྣམས་ལ་འདུས་བྱས་ཀྱི་གནས་ཚུལ་བསྟན་པའི་ཕྱིར་མགོ་ཟླ་བའི་ཡར་ངོའི་ཚེས་བཅུ་དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཚེས་ཁྱད་པར་ཅན་གྱི་སྲོད་ཀྱི་ཆར་རྗེ་བཙུན་གྲགས་པའི་འཕེལ་གདུང་དང་སྔགས་འཆང་ཆེན་པོའི་དམ་རྫས་ཤིག་བསྲེས་ལ་ཁུར་ཤོག་གསུངས་གསོལ་གྲུབ་འཕྲལ་ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གཉིས་རྡོ་རྗེ་ཁུ་ཚུར་ཐུགས་ཀར་བསྣོལ། སྐུ་རྒྱབ་ཕྱོགས་སུ་ཅུང་ཟད་ཉེ་ཉམས་ཀྱི་རྒྱུད་