R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༡༣
[A:༤༡༣]ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་སྙན་སྲིད་པ་གསུམ་གྱི་ཁོངས་ན་མངོན་པར་གསལ་བ་དེ་ཉིད་ཀྱི་དང་པོ་སྤྲུལ་གཞིའི་ངོ་བོ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་འོད་དཔག་མེད་དམ་ཉིད་ཀྱི་སྒྱུ་འཕྲུལ་ཡེ་ཤེས་ཀྱི་རོལ་གར་མཐའ་ཡས་པ་ལས་ཕྱི་མའི་དུས་སུ་འབྲས་བུའི་ཐེག་པ་མཆོག་གི་ཉེ་ལམ་སྟོན་པའི་ཆེད་དུ་གསང་བ་གསུམ་གྱི་འོད་རྡུལ་སིནྡྷུའི་མཚོར་འཕོས་པའི་སྤྲུལ་པའི་སྣང་བརྙན་འཆི་མེད་རིག་འཛིན་གྲུབ་པ་ལོཨོ་ཌྱིན་ཐོད་འཕྲེང་འཆང་བ་དེ་ཉིད་སྐུ་དངོས་རྔ་ཡབ་དཔལ་རིར་བཞུགས་པ་གངས་ཅན་གདུལ་བྱའི་མགོན་དུ་ལྷ་རིགས་འཁོན་གྱི་གདུང་དུ་མིིའི་སྲིད་པ་བཟུང་བ་ནི་འཇམ་དབྱངས་བསོད་ནམས་དབང་པོ་ཉིད་ཡིན་པ་རྗེ་དེ་ཉིད་ཀྱི་རྣམ་ཐར་སྐབས་འབྱུང་བ་བཞིན། དེ་ཉིད་སླར་ཡང་རང་གི་རིགས་དབོན་དུ་ཕེབས་པ་རྗེ་འདི་ཉིད་ཡིན་ཚུལ་ནི། སྐྱབས་མཆོག་འདི་ཉིད་དབུས་ཕེབས་ཀྱི་སྐབས་གསང་ཕུ་ནས་ལྐོག་གྱུར་སྒྲིབ་བྲལ་གཟིགས་པའི་ཆོས་སྐྱོང་ཆེན་པོ་བསེ་ཁྲབ་ཅན་གྱིས་རྗེ་འདི་ཉིད་ལ། པཎྜི་ཏ་རང་སྔོན་གྱི་དགེ་བཤེས་འཇམ་པའི་དབྱངས་བསོད་ནམས་དབང་པོའི་སྐུའི་རྣམ་འཕྲུལ་ཡིན་ཅེས་དང་། སྐུ་ཚེ་འདི་ཉིད་ཀྱི་མཛད་ཕྲིན་འདི་ལྟར་འབྱུང་གི་ལུང་བསྟན་གསལ་བ་བཅས་མཎྜལ་ཆེན་པོ་ཞིག་ཕུལ་བ་དང་། ཞ་ལུ་རྒྱན་གོང་དུ་རྡོ་རྗེ་རབ་བརྟན་སྐུ་ཕེབས་པའི་