R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༡༩
[A:༤༡༩]གཟབ་སྤྲོས་ཕུན་སུམ་ཚོགས་པ་སྔ་སྲོལ་ལྟར་དང་། གནམ་གང་ལ་སྲུང་མའི་གཏང་རག་སོགས་རྒྱས་པར་བསྒྲུབས། ཆོ་འཕྲུལ་ཟླ་བའི་ཡར་ཆེས་དང་པོའི་ཉིན། གཞུང་ས་མཆོད་ཡོན་གྱིས་སྐུ་ཚབ། བཀྲ་ཤིས་ལྷུན་པོའི་སྐུ་ཚབ། རྩེ་གདོང་ནས་མཆོད་དཔོན་པ། ངོར་མགྲོན་གཉེར་སོགས་ཆེ་གཉན་དམངས་ཕལ་བཅས་ཁྲི་འབུལ་མངའ་གསོལ་བ་ས་ཆེན་པོའིརྡུལ་བཞིན་འཁྲིགས་པ་ལོ་གསར་དུས་སྟོན་དང་སྐབས་གཅིག་དགའ་སྟོན་རྒྱ་ཆེར་སྩལ། ཚེས་བཅུ་གཉིས་ཀྱི་བར་དུ་ཡབ་རྗེ་མཆོག་ནས་ཕྱོགས་འདུས་ཆེ་གཉན་རགས་བསྡུས་བཞི་ཐོག་ཚོམས་ཆེན་ཁྲི་གང་བ་ལ་ཁྲིད་བརྒྱ་སོགས་ཀྱི་ཆོས་སྦྱིན་རེ་སྐོང་སྩལ། ཚེས་བཅུ་གསུམ་གྱི་ཉིན་ཉི་ཤར་ལ་ཆོས་ཁྲི་ཆེན་མོའི་ཉེ་ལོགས་སུ་དགེ་འདུན་འདུས་ཚོགས་རྣམས་ཀྱིས་བཀོད་པ་བསྟར་བ་དང་། རྗེ་འདི་ཉིད་སྐུ་འཁོར་སེར་སྐྱ་དུ་མའི་ཚོགས་བཅས་སྒྲིགས་བཀོད་ཕུན་སུམ་ཚོགས་པའི་ཞལ་མདངས་ཉི་མ་འབུམ་གྱིས་གཟི་བྱིན་འཛུམ་འོོད་འབར་བས་འཇམ་དབྱངས་རིམ་བྱོན་གྱི་ཞབས་སྟེགས་རྡོ་རྗེའི་ཁྲི་འཕང་དམ་པར་ཞབས་ཀྱི་པད་མོ་མངོན་པར་བཀོད་དེ་རྒྱལ་བའི་སྲས་ཀྱི་ལམ་བཟང་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བཀའ་ཆོས་ཉིན་གསུམ་གྱི་བར་དུ་གནང་བ་དག་གསལ་སྙན་པའི་དབྱངས་ཀྱིས་སྐྱེ་དགུའི་ཡིད་དབང་འཕྲོག་པར་གྱུར་ཅིང་། ཚེས་