R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༡༨
[A:༤༡༨]གསུངས་པ་སོགས་རིགས་ཀྱི་སྲུང་མ་དང་འབྲལ་མེད་དུ་བཞུགས་པའི་ངོ་མཚར་དང་། དགུང་གྲངས་བརྒྱད་པར་ཀྱཻ་རྡོར་དཀྱིལ་ཆོག་ཐུགས་སུ་ཆུད། དགུ་པར་ཡབ་རྗེ་དང་ལྷན་ཅིག་ཕུར་སྒྲུབ་ཆེན་མོར་ཕེབས། རིམ་གྱིས་ཆོ་ག་ཕྱག་ལེན་དབྱངས་རོལ་གར་འཆམས་སོགས་ལ་བྱང་ཆུབ་པར་མཛད། ཡབ་རྗེ་རིན་པོ་ཆེ་ལས་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་བདེ་ཀྱཻ་སོགས་ཡི་དམ་ཆོས་སྲུང་བཅས་པའི་དབང་ལུང་མན་ངག་ཕལ་ཆེར་གསན། དགུང་ལོ་བཅུ་གཉིས་ཚུན་སྔ་ཕྱིར་དེ་དག་གི་དཀྱིལ་ཆོག་གཏོར་སྒྲུབ་མདོས་བཟློག་སོགས་ཕྱག་ལེན་ཕྲ་མོ་ཚུན་ལ་བྱང་ཆུབ་པར་གནང་། བཅུ་གསུམ་པར་ཡབ་རྗེ་རྡོ་རྗེ་འཆང་ལས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིིན་གྲོལ་སློབ་བཤད་ལུགས་ལམ་སྐོར་ཕྱི་མ་བརྒྱད་སྙན་བརྒྱུད་མན་ངག་གིས་རྒྱན་པ་རྒྱབ་བརྟེན་ལུང་གི་རིགས་མཐའ་དག་དང་བཅས་པར་གསན། ཕྱིས་སུ་དགུང་གྲངས་ཉེར་གཉིས་པར་རིགས་སྲས་འཇམ་པའི་དབྱངས་དང་ལྷན་ཅིག་པར་ཡང་གསུང་ངག་རིན་པོ་ཆེ་བསྐྱར་མ་གསན་པ་ཡིན་ནོ། ། དགུངས་གྲངས་བཅུ་བཞིིར་སོན་པ་ལྕགས་ཡོས་གསར་ཚེས་ཀྱི་ཐོག་ཆོས་ཀྱི་ཁྲི་ག་ལ་བར་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་སྒོ་ཤར་ནས་དུས་མདོས་ཆེན་མོ་ཡང་རྒྱལ་ཟླའི་མཇུག་ཏུ་བསྲིང་སྟེ་