R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༢༠
[A:༤༢༠]བཅོ་ལྔའི་ཉིན་ཡབ་རྗེ་རྡོ་རྗེ་འཆང་ཉིད་ཀྱང་ལྷན་ཅིག་བཞུགས་ཁྲིར་ཕེབས་ཏེ་སྐབས་དེའི་འབྲེལ་ཞུས་རྣམས་ཀྱི་དགེ་རྩ་རྫོགས་བྱང་དུ་སྨིན་པ་དང་། བསྟན་འགྲོོའི་ཕན་བདེ་སྤེལ་བའི་བདེན་ཚིག་རྡོ་རྗེའི་གསུང་བསྔོ་རིན་པོ་ཆེ་གནང་། གཞིས་བྱེས་ནས་ཁྲི་འབུལ་གྱི་དངོས་པོ་བློའི་ར་བ་ལས་བརྒལ་བ་སྤུངས་པ་ཕལ་ཆེར་དེ་ཉིད་དུ་མཆོད་སྦྱིན་གྱི་ཕྱག་རིང་བརྐྱངས་པས་ཐམས་ཅད་ཆོས་དང་ཟང་ཟིང་གི་འབྱོར་པ་ལྷན་ཅིག་པས་ཚིམ་པར་གྱུར། འདི་ལོ་འདར་གྲངས་ཚར་ཆེན་རིན་པོ་ཆེ་བླ་སློབ་ཀྱི་སྐུ་གདུང་ལ་ཞུགས་རྐྱེན་བྱུང་བའི་གདུང་རུས་རྣམས་གདན་སར་ཕུལ་བ་ཡབ་རྗེ་མཆོག་ནས་ཐུགས་སྩོལ་གྱིས་ཕྱག་ཚ་དངུལ་གདུང་སོགས་བཞེས་པར་མཛད་པ་ཟླ་དྲུག་པའི་ནང་ཟིན་པའི་རབ་གནས་ཀྱི་ཉིན་ཡར་ལུང་དབོན་རིན་པོ་ཆེ་མགོན་པོ་བསོད་ནམས་མཆོག་ལྡན་ནས་རྗེ་འདི་ཉིད་ཀྱི་ཁྲི་སྟོན་སྔ་སོར་འབུལ་མ་ཐུབ་པ་སྐྱེལ་མི་འབྱོར་བས། ཡབ་རྗེ་མཆོག་ནས་རྟེན་འབྲེལ་ལེགས་པའི་མཉེས་ཚོར་གྱི་གསུང་མང་དུ་གནང་བ་བཞིན། རྗེ་འདིས་དུས་ཕྱིས་སུ་ཚར་ལུགས་ཀྱི་བཞེད་སྲོལ་མཐའ་དག་དར་རྒྱས་མཛད་པའི་དགེ་མཚན་དུ་སྣང་། དེ་ལོ་དགྱེས་རྡོར་གཞི་བསྙེན་མཐར་ཕྱིན་གནང་། འདི་བསྐོར་སྔ་ཕྱི་སོགས་སུ་ཡབ་རྗེ་རིན་པོ་ཆེ་དང་གཞན་ཡང་རིགས་ཀྱི་བདག་པོ་རྣམས་ལས་ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་ཇི་ལྟར་གསན་པའི་ཚུལ་ནི་གསན་ཡིག་ཆེན་མོ་