R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༢༡
[A:༤༢༡]ཐུབ་བསྟན་སྲིད་མཐར་གསལ་བའི་ཉིན་བྱེད་དུ་གསལ་བར་ལྟར་ལས་འདིར་ཚིག་ཚོགས་བསྡུས་པ་དང་། དེ་བཞིན་དུ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཟླ་གྲངས་སྦྲེལ་མ་དང་ཁ་ཡར་དུ་མ་གནང་བས་བསྟན་པའི་སྲོག་འཐུད་ཅིང་འགྲོ་བ་གྲངས་མེད་ཐར་ལམ་ལ་བཀོད་པའི་ཚུལ་ཡང་མདོ་ཙམ་འོག་ཏུ་ཞལ་སློབ་ཇི་ལྟར་བྱུང་བས་ཀྱང་སྟོན་པར་འགྱུར་རོ། ། དེ་ནས་རྗེ་ཉིད་དགུང་གྲངས་བཅུ་དགུར་ཕེབས་སྐབས་རྗེ་བཙུན་ཆེན་པོ་འདིས་གངས་ཅན་ཕན་བདེའི་རྩ་ལག་གདན་ས་འདི་ཉིད་ཀྱི་གདུང་རབས་ནོར་བུའི་ཕྲེང་བ་བསྟར་བའི་ཕྱིར་བདག་ཆེན་ཤར་པའི་སྲས་མོ་མ་གཅིག་པད་དཀར་བུ་ཁྲིད་ཅེས་པ་ཁབ་ཏུ་བཞེས་པར་མེ་སྤྲེལ་དབྱར་རའི་ཉེར་ལྔ་ལ་རིགས་སྲས་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་དྲི་མེད་ལུང་གི་བསྔགས་པའི་གླིང་བུ་སྲིད་པར་སྙན་པ་དེ་ཉིད་འཁྲུངས་ནས་ཡངས་པའི་རྒྱལ་ཁམས་ངོ་མཚར་གྱི་སྣང་བས་ཁྱབ་པར་གྱུར། དེ་ལོ་ཡབ་རྗེ་ཉིད་ལྷོ་བོད་སེམས་ཅན་སྤྱིའི་བདེ་ཐབས་འཕཊ་ཆེན་དམ་པའི་ཐུགས་བསྐྱེད་ལ་ཞུགས་ནས་ལྷོ་འབྲུག་ཕྱོགས་སུ་ཆིབས་བསྒྱུར་གནང་སྐབས་གདན་སའི་འཛིན་སྐྱོང་གི་ཁུར་འགེལ་དང་ལྷག་ཏུ་ཡབ་རྗེ་ཉིད་ཚུར་ཕེབས་ཀྱི་བར་སྐུ་མཚམས་དང་