R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༤༢༢
[A:༤༢༢]བསྐང་གསོ་འཕྲིན་བཅོལ་འདི་ལྟར་དགོས་ཚུལ་ཕེབས་པ་བཞིན། དེ་འཕྲལ་ནས་ཐུགས་དམ་གཡེལ་མེད་ལ་བཞུགས་ནས་རྡོ་རྗེའི་ཆོས་སྲུང་རྣམས་ལ་ཡབ་རྗེའི་དགོངས་བཞེད་འགྲུབ་པའི་གཉེར་གཏད་ཤར་མར་གནང་སྐབས་མེ་བྱ་ཟླ་བ་ལྔ་པའི་ཚེས་བཅུ་བཞིའི་མནལ་ལམ་དུ་ཨ་ཙ་ར་སྔོ་བསངས་རྒྱབ་ལ་རས་འབོག་ཁུར་བ་གཉིས་སླེབས་ནས་ངེད་གཉིས་རྒྱ་གར་གྱི་གནས་བསིལ་བའི་ཚལ་ནས་ཡིན། ད་ལམ་ཡབ་རྗེའི་སྐུ་ཞབས་ནས་སྔ་འགྲོས་སུ་འོང་བ་ཡིན། ཁོང་དཔོན་སློབ་རྣམས་ཀྱི་བཞེད་དོན་ཡང་མྱུར་དུ་འགྲུབ་པར་ཡོད་ཅེས་ཡུས་པའི་རྣམ་པ་དང་བཅས་པ་རས་འབོག་དེ་གཉིས་ཁ་ཕྱེ་ནས་འདི་དང་འདིའི་དོན་སྙིང་ཡིན་ཅེས་བཙུན་པའི་མགོ་གསུམ་སྙིང་གཉིས། མི་ནག་པའི་མགོ་ལྔ་རྣ་བ་གཉིས་རྣམས་གསལ་པོར་བྱུང་བས་ལྷོ་བོད་འཁྲུག་རྐྱེན་སེལ་འཇུག་བྱེད་མཁན་རྣམས་མཐུ་ལྡན་སྲུང་མའི་ཚོགས་ཀྱིས་བསྒྲལ་བས་གོང་བཞུགས་དཔོན་སློབ་ཀྱི་བཞེད་དོན་མཐར་ཕྱིན་འགྲུབ་པར་ཐུགས་ཐག་བདེ་མོར་ཆོད་པ་བྱུང། རྗེ་ཉིད་དགུང་གྲངས་ཉེར་གཉིས་སུ་ཕེབས་པ་ས་ཕག་ལོར་གསེར་མདོག་ཅན་གྱི་མཁན་པོ་དཔོན་སློབ་དང་། སྒོམ་སྡེ་པ་སོགས་མང་པོར་ལྗགས་ལུང་པོད་ལོང་མང་པོ་བཀའ་དྲིན་སྩལ། འདི་ལོ་ཡབ་རྗེ་འཇམ་པའི་དབྱངས་ཉིད་དག་ཞིང་ཕེབས་པ་དང་